ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཏང་གི་མི་རིགས་བྱ་བའི་ཤེས་བྱའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་སྤེལ། 
2024.07.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ7པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བཞག་གི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཏང་གི་མི་རིགས་བྱ་བའི་ཤེས་བྱའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་ཟི་ལིང་དུ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་བཅུ་འགྲན་བསྡུར་ལ་ཞུགས།

ད་ལོའི་ཟླ་ལྔ་པ་ནས་བཟུང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགྲན་བསྡུར་དང་ཉིན་རྒྱུན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སློབ་སྦྱོང་དང་དྲིལ་སྒྲོག་སོགས་ཀྱི་བྱ་བ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། དངོས་འཐབ་དངོས་སྤྱོད་དངོས་ཕན་གྱི་ནུས་པ་འབུར་དུ་ཐོན་ལ། དུས་རིམ་སྔོན་མའི་དྲ་རྒྱའི་སྟེང་ནས་དྲིས་ལན་འདེབས་པའི་གོ་རིམ་ཁྲོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོའི་རྩ་འཛུགས་ཏང་ཡོན་ལས་བྱེད་པ་ཧུར་ཐག་གིས་ཟབ་ཞུགས་བྱས་པ་པ་དང་། དྲིས་ལན་འདེབས་མཁན་མི་ཐེངས་ཁྲི་གསུམ་ལ་སླེབས་ཡོད། གྲ་སྒྲིག་འགྲན་བསྡུར་གྱི་གོ་རིམ་ཁྲོད། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ་དང་ཏང་འཛུགས་འབྲེལ་བའི་ཚན་ཆུང་སོ་སོས་སྐུལ་སློང་བྱས་ཤིང་ནན་ཏན་གྱིས་རྩ་འཛུགས་བྱས་པས། འཐུས་ཚབ་རུ་ཁག་དོན་དྲུག་དང་འགྲན་ཞུགས་པ་ཉིས་བརྒྱ་ཉེར་བརྒྱད་འགྲན་བསྡུར་ལ་ཞུགས་ཡོད།

འགྲན་བསྡུར་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་བསྒྱུར་བཀོད་བྱེད་པའི་དགོངས་པ་གཙོ་བོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སོགས་ཀྱི་ནང་དོན་གཙོ་བོ་གཞིར་བཟུང་ནས། ངེས་འདེམ་དྲི་གཞི་དང་། མཉམ་འདེམ་དྲི་གཞི། རྩོད་འདེམ་དྲི་གཞི་བཅས་ཀྱི་རིམ་པ་བཀོད་སྒྲིག་བྱས་ཡོད། འགྲན་བསྡུར་ཁྲོད་དུ་འགྲན་ཞུགས་པ་རེ་རེས་གྲ་སྒྲིག་འཛོམས་པོ་བྱས་ནས་དྲིས་ལན་ཡག་པོ་བཏབ་པ་དང་། ཤེས་བྱའི་གསོག་འཇོག་དང་འགྲན་བསྡུར་གྱི་རྣམ་པར་བརྟེན་ནས་སོ་སོའི་ཆུ་ཚད་འགྲན་ཞིང་། ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་རྗེས། མཇུག་མཐར་ཨང་དང་པོ་ཐོབ་མཁན་གཅིག་དང་། ཨང་གཉིས་པ་ཐོབ་མཁན་གཉིས། ཨང་གསུམ་པ་ཐོབ་མཁན་གསུམ། ཕུལ་བྱུང་བྱ་དགའ་ཐོབ་མཁན་བཞི། དྲ་རྒྱའི་སྟེང་ནས་དྲིས་ལན་འདེབས་མཁན་གྱི་ཕུལ་བྱུང་འགྲན་ཞུགས་པ་བཅུ་དང་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་བརྒྱད་བཅས་བདམས་ཐོན་བྱུང་།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཤེས་བྱའི་འགྲན་བསྡུར་གྱི་རྣམ་པ་བརྒྱུད་དེ།  སྦྱོང་བརྡར་ལ་བརྟེན་ནས་འགྲན་བསྡུར་ལ་ཞུགས་པར་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་ཞུགས་ནས་སློབ་སྦྱོང་བྱེད་པར་སྐུལ་བ། སློབ་སྦྱོང་བྱས་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱོགས་གཅིག་གིས་ཕྱོས་མང་པོར་དཔེ་སྟོན་ནུས་པ་ཐོན་པར་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོར་སློབ་སྦྱོང་བྱེད་དུས་དཔེ་ལྟ་བྱེད་ས་ཡོད་པ་དང་། བྱ་བ་སྒྲུབ་དུས་མིག་དཔེ་ལྟ་ས་ཡོད་པ། དམིགས་འབེན་འཚོལ་སྙེག་བྱེད་པ་བཅས་ལ་སྐུལ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་མདུན་གྲལ་དུ་བསྐྱོད་པ་དང་། དཔེ་སྟོན་གྱི་ནུས་པ་ཐོན་པར་བྱས་ཏེ་ཕུལ་བྱུང་རུ་ཁག་གི་ལམ་ཕྱོགས་བཟང་པོར་བསྐྱོད་པ་དེ་ཡིན།

ལྷ་མོ་འཚོས་བསྒྱུར།