ནང་ཆེན་རྫོང་གིས་སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་ཐོག་འདེམས་ཁུལ་འཛུགས་སྐྲུན་བྱས།
2024.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་སྔོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་འགན་ཁུར་བློ་མཐུན་གཙོ་བོས་རྫོང་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོར་སྐུལ་འདེད་བཏང་ནས། ནང་ཆེན་རྫོང་གི་རིག་གནས་གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་སྤུས་ལེགས་གནས་སྐོར་ལམ་ཐིག་རིམ་སྤོར་བསྒྱུར་བཀོད་ལས་གཞི་འཛུགས་སྐྲུན་གྱི་ལས་ཚད་ལྟར་ལས་གཞི་སྤེལ་ཚད་དམ་འཛིན་བྱས།

ནང་ཆེན་རྫོང་གི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་རིས་འགེལ་ལས་སྒྲུབ་དང་བྱང་འགེལ་ལྟ་སྒྲུབ་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་ཐོག་འདེམས་ཁུལ་གསར་སྐྲུན་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩི་བ་དང་། ལས་གཞི་ཡོངས་རྫོགས་དུས་ཚོད་ལྟར་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས་ལ། དེ་དང་མཉམ་དུ་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྡེབ་སྒྲིག་བྱས་པ་དང་། ནང་ཆེན་གྱི་རིག་གནས་གནས་སྐོར་ཐོན་ལས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཐོན་ཁུངས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤུས་ལེགས་ལམ་ཐིག་དང་སྤུས་ལེགས་ལྗོངས་རྒྱུ་ཁུལ་གསར་སྐྲུན་བྱས།

ཇུས་འགོད་དང་ལག་བསྟར་ཇུས་གཞི་ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པར་འགན་སྲུང་བྱེད་ཆེད། ནང་ཆེན་རྫོང་གིས་ལྟ་ཞིབ་ཚོགས་པ་རྩ་འཛུགས་བྱས་ནས་ཀན་ལྷོ་ནོར་ལྡན་སྒར་ས་སོགས་ཞིང་ཆེན་ཕྱིའི་གནས་སྐོར་ས་ཆར་སོང་ནས། དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་པ་དང་། རྒྱལ་ལམ་གཉིས་གཅིག་བཞིའི་ལམ་རྒྱུད་ཀྱི་ལྗང་བསྒྱུར་གསར་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། རྫ་ཆུའི་དྲ་མིག་རྣམ་པའི་ཆུ་འབྲེལ་ལྗོངས་རྒྱུ་སྟེགས་བུ་སོགས་ལས་གཞིའི་འཆར་གཞི་འགོད་པའི་དུས་རིམ་དུ་སླེབས། དེ་དང་མཉམ་དུ། གཙོ་བོར་མཁར་ཉང་ཆེན་གྲོག་རོང་ཆེན་མོའི་སྐྱེ་ཁམས་གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་ལས་གཞི་འཛུགས་སྐྲུན་བྱས་པ་དང་། ཆིན་ཧྭ་སློབ་ཆེན་བཟོ་སྐྲུན་སློབ་གླིང་ལྗོངས་རྒྱུ་སྡེ་ཁག་སོགས་རུ་ཁག་གདན་ཞུ་བྱས་ནས། ལྗོངས་རྒྱུ་ཁུལ་གྱི་སྔོན་དུས་ཀྱི་ཞིབ་འཇུག་དང་ཆེད་དོན་ཇུས་འགོད་སྤེལ་བ་དང་། དབང་ཟིལ་ལྡན་པའི་ཆེད་མཁས་པ་སྤྱིའི་བློ་འདྲི་བར་བདམས་ཏེ། ལྗོངས་རྒྱུ་ཁུལ་གྱི་སྤྱི་ཁོག་གི་འཆར་འགོད་དང་སྐྱེ་ཁམས་མྱོང་ཚོར། རང་བྱུང་སློབ་གསོ་སོགས་ལས་གཞི་མཐུན་སྦྱོར་ངང་ཡོངས་འགྲུབ་བྱས། ཆིན་ཧྭ་ཐུང་ཧིན་འཆར་འགོད་གླིང་བོད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཞིབ་འཇུག་བྱ་བའི་ཁང་སོགས་ཇུས་འགོད་རུ་ཁག་དང་མཉམ་ལས་བྱས་ནས། ལྗོངས་རྒྱུ་ཁུལ་གྱི་དཀྱིལ་སྙིང་ཁུལ་དང་དུས་རིམ་གཙོ་བོའི་ཇུས་འགོད་ཞིབ་མོ་དང་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས།

རིན་ཆེན་མཚོས་བསྒྱུར།