ཟླ7པའི་ཚེས16ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཛུབ་སྟོན་བྱས་ཤིང་། ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ལྟེ་གནས་དང་མཚོ་སྔོན་གསར་འགྱུར་དྲ་རྒྱའི་ཚད་ཡོད་ཀུང་ཟི་ཡིས་འགན་སྒྲུབ་བྱས་པའི་ལོ་ངོ་བདུན་ཅུར་འབད་པས་བསྐྱོད་པ་དང་དུས་རབས་གསར་བའི་ཕུགས་འདུན་མཉམ་དུ་བསྐྲུན་ཞེས་པའི2024ལོའི་རྒྱལ་ཡོངས་ཀྱི་སྨྱན་བྱད་གཙོ་བོ་དག་མཚོ་སྔོན་མགོ་ལོག་ཏུ་བསྐྱོད་པའི་བཅར་འདྲིའི་བྱ་འགུལ་སྤེལ་མགོ་ཚུགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། ཆ་སྙོམས་མཚོ་འཕང་སྨི་བཞི་སྟོང་ཉིས་བརྒྱ་ཡན་ཡིན་པ་དང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྐྱིལ་གསོག་བྱེད་ས་ཡིན་ལ། ཀྲུང་གོའི་ཆུ་མཛོད་ཀྱི་གྲུབ་ཆ་གཙོ་བོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གཙོ་བོ་ཡིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དགའ་སྟོན་གྱི་དུས་འདིར། རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོ་བཞི་བཅུ་ལྷག་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་མགོ་ལོག་ཁུལ་དུ་འཛོམས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་ཤིང་། འབྲོག་ཁུལ་རྩྭ་ཐང་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་བསྐྱོད་དེ། གསར་འགོད་པའི་སྨྱུག་རྩེ་ལ་བརྟེན་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། བཅོས་སྒྱུར་ཟབ་སྤེལ་བྱས་ནས་སྒོ་འབྱེད་རྒྱ་སྐྱེད་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ལ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ཞིང་། དམངས་ཚིས་འགན་སྲུང་ལ་ཤུགས་བསྣན་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པའི་སྐོར་ནས་བཅར་འདྲི་བྱས་པ་དང་། པར་ཆས་དང་བརྙན་རིས་ལ་བརྟེན་ནས་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱས་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཚུལ་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་ཤོས། རིག་གནས་ཀྱི་རྔམ་ཟིལ་དང་གསར་གཏོད་འཕེལ་རྒྱས། སྒོ་འབྱེད་དཀྱེལ་ཡངས་བཅས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཟིན་ཐོར་བཀོད།
ལྷ་མོ་འཚོས་བསྒྱུར།