མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2024.07.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ7ཚེས16ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། མགོ་ལོག་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུར་ཞུགས་པའི་གསར་འགྱུར་སྨྱན་བྱད་ལས་རིགས་ལ་མགོ་ལོག་ཁུལ་གྱི་ལོ70རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་ནས་ངོ་སྤྲོད་བྱས།

མགོ་ལོག་ཁུལ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ཡི་ཁྲོད་དུ།  མི་རིགས་ཀྱི་བསྡུར་ཚད་མཐོ་ཤོས་དང་ཆ་སྙོམས་ཀྱི་མཚོ་འཕང་མཐོ་ཤོས། མི་རེའི་ཆ་སྙོམས་ཀྱི་རྩྭ་སའི་རྒྱ་ཁྱོན་ཆེ་ཤོས་དང་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེ་བ་བཅས་ཀྱི་རང་སྐྱོང་ཁུལ་ཞིག་རེད། ལོ་ངོ70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག  ཡིད་ཆེས་བརྟན་པོ་དང་འབད་བརྩོན་ཆེན་པོས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

ལོ70ཡི་རིང་ལ་མགོ་ལོག་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་དང་པོ་དང་གཉིས་པའི་བཟོ་སྐྲུན་ལེགས་འགྲུབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ནས།  མི་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་བརྒྱད་བརྒྱ་ཙམ་གྱིས་སྐྱེ་ཁམས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་ཟ་མ་ཟ་ཐུབ་པར་གྱུར་ཡོད།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱེད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག   མགོ་ལོག་ཁུལ་གྱི་ཐོན་ལས་དེ་སྣ་རྐྱང་ནས་སྣ་མང་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་། རགས་ལས་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་དང་།  སྲོལ་རྒྱུན་ནས་དེང་རབས་སུ་བསྐྱོད་དེ་ཁྱད་ལྡན་ཐོན་ལས་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། ལོ་རྒྱུས་ཀྱི་དོན་དངོས་ལ་མཐོང་ཆེན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་མཐོང་ཆེན། ཕྱོགས་སྡོམ་ཞུན་བརྡར་ལ་མཐོང་ཆེན་བཅས་བྱས་པས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི“མགོ་ལོག་གི་ལག་ལེན་ཉམས་མྱོང”ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།

ལོ་ངོ70ཡི་དུས་ཚོད་ནང་། མགོ་ལོག་ཁུལ་གྱི་སྤྱིའི་མི་གྲངས་དེ་འབུམ་གཉིས་དང་ཁྲི་གཉིས་སྟོང་གཉིས་ནས་ལྡབ3ཙམ་འཕར་ཡོད། ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་འོག་ཏུ“མི་དམངས་ལྟེ་བར་འཛིན་པ”རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་སྤྱིའི་འགྲོ་སོང་བསྡོམས་འབོར་གྱི80%ཡན་དམངས་འཚོའི་ཐད་སྤྱད་པས། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་སོང་བ་དང་།  མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་སྔར་ལས་མཐོ་རུ་སོང་ཡོད།  ལོ་ངོ70ཡི་རིང་ལ་དཀའ་སྤྱད་ལས་སྐྲུན་བྱས་པ་བརྒྱུད།  སྦྲའི་ནང་དུ་སྡོད་པ་ནས་ཐོག་ཁང་དུ་སྡོད་པའི་བར་དང་འབྲོག་པ་ནས་གྲོང་མིའི་བར་མགོ་ལོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  ཡུལ་ཚོ་དང་སྡེ་བ།  ཁྱིམ་ཚང་རེ་རེས་བརྙན་འཕྲིན་དྲ་རྒྱ་དང་ཁ་པར།  ཆུ་སོགས་གང་འདོད་དུ་བེད་སྤྱོད་བྱེད་བཞིན་ཡོད་པས།  ད་ལྟའི་མགོ་ལོག་འབྲོག་ཁུལ་གྱི་འཚོ་བའི་ཕྱོགས་སོ་སོར་དེང་རབས་དཔལ་ཡོན་གྱི་རྣམ་པས་ཁེངས་འདུག

གཡང་འབུམ་རྒྱལ་གྱིས་བསྒྱུར།