མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དེ་ཟི་ལིང་དུ་བསྡུས།
2024.07.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ7པའི་ཚེས17ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། པེ་ཅིང་དགེ་ཐོན་སློབ་ཆེན།  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཞིབ་འཇུག་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པའི་ཆེད་ལས་མཁས་པ་དང་དགེ་རྒན་གྱི་འཐུས་ཚབ་པ་མཉམ་གཅིག་ཏུ་འཛོམས་ནས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་རིགས་གཞུང་ཞིབ་འཇུག་གྲུབ་འབྲས་དང་རྒྱུད་འཛིན་དར་སྤེལ་གྱི་ཉམས་མྱོང་ཐད་བརྗེ་རེས་ཟབ་མོ་བྱས་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་བསམ་བློ་སློབ་གསོའི་ཐབས་ལམ་དང་རིག་གནས་དྲིལ་སྒྲོག་རྣམ་པ་ཧུར་ཐག་སྒོས་འཚོལ་ཞིབ་བྱས།

ད་ལོ་ནི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བཏོན་ནས་ལོ་འཁོར་ཉེར་ལྔ་ལོན་པའི་དུས་ཡིན་ལ། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་མོ་ཁག་ཁུར་བྱེད་པའི་དུས་རབས་ཀྱི་མི་སྣ་སྐྱེད་སྲིང་བྱེད་ཞེས་པ་དེ་བརྗོད་དོན་དུ་བྱས་ཤིང་། ཐཱན་ཅུན་སོགས་ཆེད་ལས་མཁས་པ་དྲུག་གིས་དུས་རབས་གསར་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་དཔྱད་བསྡུར་བྱས་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་ལོ་རྒྱུས་དོན་སྙིང་དང་ནང་དོན་གྱི་ཁྱད་ཆོས་ལ་འགྲེལ་བཤད་ཟབ་མོ་བྱས་ཏེ། ཚོགས་ཞུགས་མི་སྣ་ཚང་མའི་ཁས་ལེན་ཐོབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའེ་རུང་གིས་བསྟན་དོན། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་དམར་པོའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། དུས་རབས་ཀྱི་ཁྱད་རྟགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་བསམ་བློ་སློབ་གསོའི་ཚོང་རྟགས་བསྐྲུན་རྒྱུ་ནི་དུས་རབས་གསར་བར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འོས་འགན་དང་ཁག་ཁུར་ཡིན་པར་བསྟན། སློབ་མའི་འཐུས་ཚབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གསར་འགྱུར་སློབ་གླིང་གི2022ལོའི་སྙན་སྒྲོན་དང་མདོ་འཛིན་སྒྱུ་རྩལ་ཆེད་ལས་ཀྱི་དབྱེ་ཧྲུའུ་ཞིན་གྱིས་བཤད་རྒྱུར། ཆེད་ལས་མཁས་པའི་བགྲོ་གླེང་ལ་ཉན་པ་བརྒྱུད་དེ། ཚན་རིག་པ་རྒན་གྲས་དག་གིས་མདེལ་གཉིས་སྐར་གཅིག་གི་བྱ་བཞག་ཐད་འབད་བརྩོན་བྱས་ནས་བྱས་རྗེས་བཞག་པ་ཚོར་བྱུང་ལ། ང་ཚོས་ཁོ་ཚོར་སློབ་སྦྱོང་བྱེད་པ་དང་མཉམ་དུ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་སྔར་ལས་གཅེས་སྤྲས་བྱེད་དགོས། དུས་རབས་གསར་བའི་ན་གཞོན་ཞིག་ཡིན་པའི་ཆ་ནས། ང་ཚོས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུད་འཛིན་དར་སྤེལ་བཏང་སྟེ། དུས་རབས་གསར་བར་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་སྔར་ལས་གསོན་ཤུགས་རྒྱས་པར་བྱེད་དགོས་ཟེར།

ལྷ་མོ་འཚོས་བསྒྱུར།