ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་བྱེད་མགོ་ཚུགས།
2024.07.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ7པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་བཀོད་འདོམས་ལྟེ་གནས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཤིང་། དེ་དང་མཉམ་དུ་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་བཅར་འདྲི་དང་རྟོག་ཞིབ་བྱ་བ་སྤེལ།

ཞིབ་བཤེར་ཚན་ཆུང་གིས་སྙན་ཞུར་ཉན་པ་དང་། རྒྱུ་ཆ་ཀློག་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ་རང་ཞིང་གི་འཕྲལ་བསྟུན་དོ་དམ་ཐིན་གྱིས་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། འབྲེལ་ཡོད་སྡེ་ཁག་གིས་ལངས་གནས་མཐོར་འདེགས་གཏོང་བ་དང་། ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་པར་རྒྱུས་ལོན་དང་དམ་འཛིན་གང་ལེགས་བྱེད་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ཞིང་། བདེ་འཇགས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཡིན་པས། ཁྲིམས་བསྟར་ཞིབ་བཤེར་དེ་གོ་སྐབས་སུ་བརྩིས་ནས། བདེ་འཇགས་ལྟ་སྐུལ་དོ་དམ་ཀྱི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་ཡོང་བ་དང་བདེ་འཇགས་ཐོན་སྐྱེད་ཁྲིམས་སྐྱོང་མ་ལག་འཐུས་ཚང་འཛུགས་པར་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ཁྲིམས་ལུགས་དོན་ཚན་ལ་གཞིགས་ནས་ཁྲིམས་བསྟར་ཞིབ་བཤེར་བྱེད་ཅིང་། གཙོ་བོ་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་། ལྟ་སྐུལ་དོ་དམ་འགན་འཁྲི་དང་ནུས་པ། འཕྲལ་བསྟུན་རྒུད་སྐྱོབ་དང་ཞིབ་བཤེར་ཐག་གཅོད། སྒྲོག་འགྲེལ་སློབ་ཁྲིད་དང་གསབ་སྦྱོང་གནས་ཚུལ་སོགས་ཕྱོགས་བཞིའི་ནང་དོན་ལ་དམིགས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་གནས་ཚུལ་ཚད་ལེན་བྱེད་པ་དང་། དེ་དང་མཉམ་དུ་ཁྲིམས་ལུགས་ཁྲིམས་སྲོལ་དང་བསྡུར་བ་བྱས་ཏེ། བྱ་བའི་སྤྱོད་ཚུལ་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་སྐབས། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་དང་། ཁྲིམས་ལུགས་ཁྲིམས་སྲོལ་ནུས་ལྡན་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྔར་ལས་སྲུང་སྐྱོབ་བྱེད་པར་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

བྱ་འགུལ་སྐབས། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་གྱི་འཕྲལ་བསྟུན་མ་ལག་འཛུགས་པར་ཤུགས་སྣོན་དགོས་ཞེས་པའི་འཐུས་མིའི་བཏོན་པའི་གྲོས་གཞིར་ལྟ་སྐུལ་སྤྱི་འདོམས་ནན་མོ་བྱས་པ་དང་། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཆོ་པད་མ་ཚེ་རིང་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།