མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ།
2024.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

  ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ་བ་དང་། རྒྱ་ཆེའི་རྩལ་ནུས་འཇོན་མིར་ལག་རྩལ་གྲོས་སྡུར་དང་། ཉམས་མྱོང་བརྗེ་རེས། རང་གི་ཁྱད་ཆོས་མངོན་སའི་སྟེགས་བུ་ཞིག་འདོན་སྤྲོད་བྱས།

བྱ་དགའ་གནང་བ།

ཡུལ་དངོས་སུ་དཔྱད་བརྗོད་གནང་བ།

འགྲན་ཞུགས་པ་མང་པོས་མཉམ་དུ་འགྲན་སྡུར་བྱེད་བཞིན་པ། 

འགྲན་ཞུགས་པས་ཡུལ་དངོས་སུ་གཙགས་དྲུབ་གཙགས་བཞིན་པ།

ཟ་མ་ཞིམ་པོ་ལས་བཞིན་པ།

རྩལ་ནུས་ལྡན་པའི་འཇོན་མི་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་བྱེད་ཐབས་བརྒྱུད་འགྲན་སྡུར་གྱི་ནང་དོན་དྲིལ་སྒྲོག་ཆེན་པོ་བྱས་པ་དང་། འགྲན་སྡུར་གྱི་སྒྲིག་སྲོལ་དང་སྐུལ་ལྕག་བྱེད་ཐབས་འགྲེལ་བཤད་ཞིབ་མོ་བྱས་པས། མི184ཡིས་འགྲན་སྡུར་ནང་ཞུགས་པར་མིང་ཐོ་བཀོད་ལ། དེའི་ནང་མི126ཡིས་ཡུལ་དངོས་སུ་འགྲན་སྡུར་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་རྩལ་འགྲན་སྡུར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་སྒོས་བསླངས་པ་རེད།

གྲ་སྒྲིག་གི་དུས་རིམ་དུ། བཀག་སྡོམ་རྣམ་པའི་གཅིག་སྡུད་གསོ་སྦྱོང་རྩ་འཛུགས་དང་བཀོད་སྒྲིག་བྱས་པ་དང་། ཆེད་མཁས་དཔྱད་འདེམས་པས་སྐར་གྲངས་དཔྱད་སྡུར་ཚད་གཞིར་དམིགས་ཏེ། འགྲན་ཞུགས་པར་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་འགྲན་ཞུགས་པའི་རྩལ་ནུས་ཆུ་ཚད་མཐོར་འདེགས་བཏང་། དེ་དང་ཆབས་ཅིག ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ལས་རིགས་ནུས་པའི་འཛུགས་སྐྲུན་ཁང་གདན་དྲངས་ནས་འགྲན་སྡུར་རྣམ་གྲངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་ཚད་ལེན་ཚོད་ལྟ་བྱེད་དུ་བཅུག་པར་མ་ཟད། འདྲ་མཉམ་དྲང་བདེན་གྱིས་ཚོད་ལྟར་ཚད་ལེན་བྱེད་པར་ཁག་ཐེག་བྱས།

འགྲན་སྡུར་གྱིས་ད་དུང་འཇོན་མིའི་དཔྱད་འཇོག་ལམ་སྲོལ་གྱི་བཅོས་སྒྱུར་ཇེ་ཟབ་ཏུ་བཏང་བ་དང་། སྣ་མང་ཅན་གྱི་དཔྱད་ཞིབ་མ་ལག་ལག་བསྟར་བྱས་ལ། རྩལ་ནུས་འཇོན་མིའི་རིན་ཐང་ལ་བརྩི་འཇོག་དང་རྩལ་ནུས་མངོན་གང་ཐུབ་བྱས་ཡོད། བྱ་དགའ་ཐོབ་པའི་འགྲན་ཞུགས་པར་ད་དུང་འབྲེལ་ཡོད་ལས་རིགས་རྩལ་ནུས་རིམ་པའི་ངོས་འཛིན་དཔང་ཡིག་ཐོབ་པའི་གོ་སྐབས་ཡོད་ལ། དེས་རྩལ་ནུས་དང་ཐོབ་ཐང་གཉིས་ཀ་ཇེ་མཐོར་གཏོང་བ་མངོན་འགྱུར་བྱུང་ཐུབ་པར་བྱས་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འགན་འཁུར་བས་བཤད་རྒྱུར། རྩལ་ནུས་འཇོན་མི་དེ་རྩ་ཆེ་བའི་འཐབ་ཇུས་ཀྱི་ཐོན་ཁུངས་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ལས་ཞུགས་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། རྩལ་ནུས་འཇོན་མིའི་གསར་སྐྲུན་ལས་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ། ལས་རྐང་སྦྱོང་བརྡར་ལག་རྩལ་གྱི་འགྲན་སྡུར་བྱ་འགུལ་སྤེལ་རྒྱུ་མ་ཟད། རྩལ་ནུས་འཇོན་མིའི་ཐོབ་ཐང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། བྱང་ཚད་མཐོ་བ་དང་རྩལ་ནུས་མཐོ་བའི་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པའི་རྩལ་ནུས་འཇོན་མིའི་དཔུང་ཁག་ཅིག་སྐྲུན་རྒྱུ་ཡིན་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།