མཚོ་སྔོན་ཞིང་ཆེན་ཆར་ཞོད་དུས་སྐབས་ཀྱི་ཆར་འབབ་ཚད་ཆེས་ཆེ་བའི་དུས་སུ་སླེབས་པ།
2024.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཟླ7པའི་ཚེས22ཉིན་ནས་ཚེས23ཉིན་བར། མཚོ་སྔོན་ཞིང་ཆེན་ད་ལོའི་ཆར་ཞོད་དུས་སྐབས་ཀྱི་ཆར་འབབ་ཚད་ཆེས་ཆེ་བའི་དུས་ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་འབྲིང་ཙམ་ནས་ཆར་བ་ཆེན་པོ་འབབ་རྒྱུ་ཡིན་ཞིང་། ས་ཆ་ལ་ལར་དྲག་ཆར་འབབ་རྒྱུ་ཡིན་པས། ས་གནས་སོ་སོས་ཆུ་ལོག་འབྱུང་བ་དང་། རི་ཉིལ་བ། འདམ་ཟེགས་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཐེངས་འདིའི་ཆར་པ་དེ་ཟླ7པའི་ཚེས22ཉིན་གྱི་དགོང་མོ་ནས་ཚེས23ཉིན་གྱི་ཉིན་དཀར་བར་འབབ་རྒྱུ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་འབྲིང་ཙམ་ནས་ཆར་བ་ཆེན་པོ་འབབ་རྒྱུ་ཡིན་ལ། དེའི་ནང་ཟི་ལིང་གི་ལྷོ་རྒྱུད་དང་། མཚོ་ཤར་གྱི་ལྷོ་རྒྱུད། མཚོ་བྱང་གི་བྱང་རྒྱུད། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོ། མགོ་ལོག་གི་བྱང་རྒྱུད་ཀྱི་ཡུལ་ཚོ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ད་དུང་མཚམས་མཚམས་སུ་གློག་དམར་འཁྱུག་པ་དང་། རླུང་ཆེན་པོ་གཡུགས་པ། སེར་བའང་འབབ་རྒྱུ་རེད།

གནམ་གཤིས་སྔོན་བརྡ་ལྟར་ན། ཟླ7པའི་ཚེས23ཉིན། མཚོ་ནུབ་ཀྱི་ནུབ་རྒྱུད་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཟམ་ཟིམ་འབབ་པ་ནས་ཆར་ཤ་ཡོང་རྒྱུ་རེད། དེའི་ནང་མཚོ་ཤར་གྱི་ལྷོ་རྒྱུད་དང་། མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོ། མགོ་ལོག་གི་དབུས་ལྷོ་རྒྱུད། ཡུས་ཧྲུའུ་ཡི་ཤར་རྒྱུད་དང་གཏེར་ལེན་ཁ་གྲོང་ཁྱེར། ཐེམ་ཆེན། རྐང་ཚ། གུང་ཧོ། རྫ་སྟོད་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁག་ཅིག་བཅས་ལ་ཆར་འབྲིང་ཙམ་ནས་ཆར་བ་ཆེན་པོ་འབབ་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་གསལ་འདེབས་བྱས་པ་ལྟར་ན། མི་རྣམས་ཕྱིར་ལ་སྐྱོད་སྐབས་ཆར་འགོག་ཡོ་ཆས་འཛིན་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཆར་བབས་པ་ལས་ཆུ་རྒྱུན་ཆུང་འབྲིང་དུ་ཆུ་ལོག་འབྱུང་བ་དང་། རི་ཉིལ་བ། འདམ་ཟེགས་སོགས་ཞོར་ཐོན་གནོད་འཚེ་འབྱུང་བར་དོ་སྣང་བྱེད་དགོས་ཤིང་། ཞིང་ལས་ཁུལ་དུ་གློག་དམར་འཁྱུག་པ་དང་། སེར་བ་བབས་པ་ལས་ཞིང་ལས་ལ་གནོད་པ་ཐེབས་པར་དོགས་ཟོན་བྱེད་དགོས་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།