ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞོད་འགོག་འབྲུབ་འགོག་དང་གནོད་སྐྱོབ་བྱ་བ་ཧུར་ཐག་གིས་སྒྲུབ་བཞིན་ཡོད།
2024.07.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 61

ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མགྱོགས་མྱུར་ནུས་ལྡན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཤིང་། བྱེད་ཐབས་ལེགས་པར་སྤྱད་ནས་ཞོད་འགོག་འབྲུབ་འགོག་དང་གནོད་སྐྱོབ་བྱ་བ་འབད་པས་སྒྲུབ་པ་དང་། མཚོ་རླུང་དང་ཆར་བ་དྲག་པོ་འབབ་པའི་གནམ་གཤིས་ལ་ཁ་གཏད་འཇལ།

ད་ལོའི་མཚོ་རླུང་གསུམ་པ་ཀི་མའེ་ཞེས་པ་ཟླ7པའི་ཚེས25ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་ལྔ་བཅུའི་གཡས་གཡོན་དུ་ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་ཞིའུ་ཡུས་ཁུལ་གྱི་མཚོ་འགྲམ་དུ་སྐམ་སར་ཐོན་པས། ཕུའུ་ཐེན་དང་ཧྥུའུ་ཀྲིག། ཉིང་ཏི་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་དྲག་པོ་བབས། ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྐབས་སུ། ཧྥུའུ་ཀྲིག་གྲོང་ཁྱེར་གྱི་མཁར་གྲོང་གཙོ་བོར་དུས་ཚོད་ཉེར་བཞིའི་རིང་ཆར་བབས་ནས་ཆར་བ་ཆེས་དྲག་པོ་རིམ་པར་སླེབས་པས། ཧྥུའུ་ཀྲིག་གྲོང་ཁྱེར་གྱིས་ལྟ་ཞིབ་བྱེད་ཐབས་ལེགས་བཅོས་དང་ལས་སྒྲུབ་མྱུར་ཚད་ཇེ་མཐོར་བཏང་ཞིང་། གྲོང་ཁུལ་གྱི་ཆུ་ལག་ཕྱིར་གཏོང་བཀོད་གཏོད་ལྟེ་གནས་བརྒྱུད། ཆུ་མཛོད་དང་མཚེའུ། གཙང་བོ། བཟོ་གྲྭ་དང་ས་ཚིགས་གཞི་གཅིག་ཏུ་དོ་དམ་བྱས་ནས། གྲོང་ཁུལ་གྱི་ཆུ་ལག་ལ་གཅིག་གྱུར་བཀོད་འདོམས་བྱས།

མཚོ་རླུང་ཀི་མའེ་ཡི་མཐའ་སྐོར་སྤྲིན་རིམ་གྱི་ཤུགས་རྐྱེན་ལས། ཀྲེ་ཅང་དང་ཀོང་ཏུང་གི་ས་ཁུལ་མང་བོར་བསྟུད་མར་ཆར་བབས་ལ། རི་ཉིལ་བ་དང་། བཟོ་བཀོད་བརྡིབ་པ། གྲོང་ཁྱེར་དུ་ཆུ་ལོག་འབྱུང་བ་སོགས་འབྱུང་སྲིད་པའི་གནོད་འཚེ་སྔོན་འགོག་བྱེད་ཆེད། ས་ཆ་སོ་སོས་སྔོན་ལ་རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་དང་། ཞིབ་བཤེར་ཉེན་སེལ་ནུས་ཚད་ཇེ་མཐོར་བཏང་། ཀྲེ་ཅང་ཝུན་ཀྲིག་ཐེ་ཧྲོན་རྫོང་གི་ས་ཁུལ་ཁ་ཤས་སུ་ཆར་བ་ཆེས་དྲག་པོ་བབས་པར་བརྟེན། ལམ་འགྲམ་གྱི་སྡོང་བོ་སོགས་ལོག་ནས་ལམ་བཀག་ཅིང་། གཙང་བོ་རྒྱས་པའི་གནས་ཚུལ་མངོན་པས། ཆར་རླུང་དྲག་པོའི་ཐལ་དྲག་གནམ་གཤིས་ལ་ཁ་གཏད་འཇལ་ཆེད་ས་གནས་དེ་གས་མྱུར་བ་མྱུར་དུ་འཕྲལ་བསྟུན་སྔོན་བརྡ་བཏང་།

ཉེ་བའི་ཉིན་གཉིས་ཀྱི་ནང་། ཅི་ལིན་དང་ལེའོ་ཉིང་དུ་ཆར་བ་དྲག་པོ་རྒྱུད་མཐུད་ངང་བབས། ཅི་ལིན་ལིན་ཅང་གྲོང་ཁྱེར་ནང་ཁུལ་གྱི་གཙང་བོ་མྱུར་དུ་རྒྱས་པ་དང་། ཆུ་ལོག་དང་ས་རྡོ་ཉིལ་ནས་གཞུང་ལམ་དང་ཟམ་པ་ཁ་ཤས་བརྡིབས་པས། ས་གནས་དེས་ཞོད་འགོག་དང་མཚོ་རླུང་འགོག་པའི་རིམ་པ་བཞི་པའི་འཕྲལ་བསྟུན་སྔོན་བརྡ་བཏང་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་ནན་མོ་བྱས། ལེའོ་ཉིང་དུ་ཆར་བ་དྲག་པོར་ཁ་གཏད་འཇལ་ཆེད། གཞི་གྲངས་ཆེན་མོ་སོགས་ལག་རྩལ་གསར་པ་བརྒྱུད་ཆར་འབབ་པའི་གནས་ཚུལ་དང་ཆུ་རྒྱས་པའི་གནས་ཚུལ་སོགས་ཀྱི་གཞི་གྲངས་མྱུར་དུ་ཤེས་པར་བྱས་ནས། ལྟ་ཞིབ་སྔོན་བརྡ་དང་ཉེན་བརྡའི་བྱ་བ་ཡག་པོར་སྒྲུབ་བཞིན་པ་དང་། ཞོད་སྐྱོན་སེལ་བ་དང་མི་སྣ་བདེ་འགོད་སོགས་ཀྱི་བྱ་བ་དུས་ལྟར་སྒྲུབ་བཞིན་ཡོད།

ནོར་སྲིད་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་མྱུར་དུ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་བྱིན་ནས། ཧྲའན་ཞི་དང་། ཟི་ཁྲོན། ཧི་ནན། ཧྲན་ཏུང་། ཁྲུང་ཆིན། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་གཞུང་ལམ་གཏོར་སྐྱོན་དང་ལམ་ཆད་པའི་འཕྲད་བསྟུན་ཐག་གཅོད་བྱ་བ་ནུས་ཤུགས་ཡོད་དགུས་སྤེལ་བར་རྒྱབ་སྐྱོར་བྱས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྡེ་ཁག་བརྒལ་བའི་མཐུན་སྦྱོར་དོ་དམ་རྐྱེན་སྲོལ་ཤུགས་དྲག་ཏུ་བཏང་སྟེ། རིམ་པ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་སྐྱོང་སྡེ་ཁག་གིས་ས་གནས་ཀྱི་གནམ་གཤིས་དང་སྤྱི་བདེ། རང་བྱུང་ཐོན་ཁུངས། ཆུ་བེད། འཕྲལ་བསྟུན་དོ་དམ་སོགས་སྡེ་ཁག་བར་མཐུན་སྦྱོར་མཉམ་འགུལ་བྱེད་པར་མཛུབ་སྟོན་བྱས།

སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཆུ་ལོག་འབྱུང་སླ་བའི་གནས་དང་ཉེན་ཁའི་གནས་བཅོས་སྐྱོང་གང་ལེགས་བྱེད་པའི་བླང་བྱ་བཏོན་ཏེ། ས་འོག་བར་སྟོང་གི་ཆུ་ལོག་འགོག་པའི་བྱེད་ཐབས་ལ་ཤུགས་བསྣན།

རིག་འཛིན་སྒྲོལ་མས་བསྒྱུར།