མཚོ་སྔོན་གྱིས་སྲིད་གཞུང་རང་བཞིན་གྱི་མ་དངུལ་མཉམ་བསྲེས་འགན་ལེན་གྱི་ཕན་ནུས་འདོན་སྤེལ་བྱས་ནས་ཁེ་ལས་ཆུང་གྲས་དང“ཞིང་གསུམ”འཕེལ་རྒྱས་ལ་རོགས་རམ་བྱས།
2024.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ7པའི་ཚེས19ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མ་དངུལ་མཉམ་བསྲེས་འགན་ལེན་ལས་རིགས་འཛུགས་སྐྲུན་ལས་སྒོའི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན།    ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་རང་བཞིན་གྱི་མ་དངུལ་མཉམ་བསྲེས་འགན་ལེན་མ་ལག་གི་མཉམ་ཤུགས་གཅིག་ཏུ་བསྡུས་ནས། ཧུར་ཐག་གིས་ས་ཁོངས་ཁྱབ་རྒྱ་ཆེ་རུ་བཏང་ནས་འགན་ལེན་མ་ལག་གཞི་གྲངས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དངུལ་ལོར་ཁེ་ལས་ཆུང་གྲས་དང “ཞིང་གསུམ”ཁྱབ་ཁོངས་ལ་ཕན་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན།    2019ལོར་ཞིང་ཆེན་འགན་ལེན་བསྐྱར་མའི་ཀུང་སི་བཙུགས་པ་ནས་བཟུང་། རང་ཞིང་མ་དངུལ་མཉམ་བསྲེས་འགན་ལེན་མ་ལག་འཛུགས་སྐྲུན་གྱི་ལམ་དུ་བསྐྱོད་འགོ་བརྩམས།     མིག་སྔར་རང་ཞིང་གིས“རྒྱལ་ཁབ་ཀྱི་མ་དངུལ་མཉམ་བསྲེས་འགན་ལེན་ཐེབས་རྩ་དང་ཞིང་ཆེན་རིམ་པའི་འགན་ལེན་བསྐྱར་མའི་ལས་ཁུངས།    ཁོངས་གཏོགས་ཀྱི་མ་དངུལ་མཉམ་བསྲེས་འགན་ལེན་ལས་ཁུངས”བཅས་རིམ་པ་གསུམ་གྱི་མ་དངུལ་མཉམ་བསྲེས་འགན་ལེན་མ་ལག་བཙུགས་པ་དང་། མ་ལག་གི་ཁོངས་གཏོགས་ལས་ཁུངས18ལ་སླེབས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཕུད་པའི་ས་ཁོངས་ཚང་མར་ཁྱབ་སྟེ་ས་ཁོངས་དང་ལས་ཁུངས། ལས་སྒོ་བཅས་ལ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་ཡོད།     སྲོལ་རྒྱུན་གྱི་འགན་ལེན་བསྐྱར་མའི་ལས་སྒོ་ཕུད།  ད་ལོ་རང་ཞིང་གིས་ད་དུང་དངུལ་ཁང་གི་འགན་ལེན་ལས་སྒོ་མང་པོ་དོན་འཁྱོལ་བྱས། ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་འགན་ལེན་བསྐྱར་མའི་གཞི་ཁྱོན་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་བརྒྱད་ཟིན་པ་དང་། ཐོ་འགོད་སྙན་ཞུ་བྱས་པའི་ཁྱིམ་ཚང་ཁྲི1ལྷག་ཟིན་པ་དེའི་ནང་ད་ལོ་ཡང་བསྐྱར་འགན་ལེན་བསྐྱར་མའི་ལས་སྒོའི་ནང་ཞུགས་པའི་ཁྱིམ་ཚང2322འཕར་བ་དང་། མ་དངུལ་སྒོར་དུང་ཕྱུར9ལྷག་ཟིན་པ་དེ་ལོ་སྔོན་མའི་དུས་མཉམ་ལས24%ལྷག་འཕར་ཡོད།     ཐོ་འགོད་སྙན་ཞུའི་ལས་སྒོའི་ཁྲོད་དངུལ་ཁང་གིས་འགན་ལེན་ལས་བགོས་ནང་ཞུགས་པའི་གཞི་ཁྱོན་སྒོར་དུང་ཕྱུར8ལྷག་ཟིན་པ་དེས་བསྡུར་ཚད་97%ལྷག་ཟིན་ཡོད་ལ། ན་ནིང་གི་དུས་མཉམ་ལས29%ལྷག་འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་མ་དངུལ་མཉམ་བསྲེས་འགན་ལེན་མ་ལག་གིས་སྲིད་ཇུས་རང་བཞིན་གྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པར་དམིགས་ནས། ཟླ་དྲུག་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་འགན་ལེན་བསྐྱར་མའི་ཞིང་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་ལས་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར9ལྷག་གསར་དུ་འཕར་བ་དང་། དེའི་ཁྲོད་ཁྱིམ་ཚང་རྐྱང་པའི་སྒོར་ས་ཡ་ལྔ་དང་དེའི་མན་གྱི་ཁེ་ལས་ཆུང་གྲས་དང་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ལས་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར8་ལྷག་ཟིན་ཡོད།     རང་ཞིང་གིས་མ་དངུལ་མཉམ་བསྲེས་འགན་ལེན་མ་ལག་གི་ཡིད་རྟོན་འཕར་སྣོན་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། མ་དངུལ་མཉམ་བསྲེས་འགན་ལེན་ལས་ཁུངས་ཀྱིས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། ཁེ་ལས་ཆུང་གྲས་དང“ཞིང་གསུམ”སོགས་ཁྱབ་ཁོངས་ཀྱི་ཁྲོམ་རའི་གཙོ་གཟུགས་ཀྱི་དཀའ་ངལ་སེལ་རྒྱུར་རོགས་རམ་སྔར་ལས་བཟང་པོ་བྱ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།