མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཇུས་གཞི་བཏོན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱས།
2024.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆ་འཕྲིན་སྤེལ་ནས། དམངས་གཉེར་ཚོང་གཉེར་གཙོ་གཞི་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཚད་མང་དྲགས་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཚོང་གཉེར་གཙོ་གཞི་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཚད་མང་དྲགས་པའི་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་ཇུས་གཞི་པར་འགྲེམ་བྱས་ནས། དམངས་གཉེར་ཚོང་གཉེར་གཙོ་གཞིའི་ལྟ་སྐུལ་ཞིབ་བཤེར་སྔར་ལས་ཚད་ལྡན་དུ་བཏང་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་དམངས་གཉེར་ཚོང་གཉེར་གཙོ་གཞིའི་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་བྱ་འགུལ་ལ་འགན་སྲུང་བྱས་ལ། སྲིད་འཛིན་ལྟ་སྐུལ་དོ་དམ་ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་བ་མ་ཟད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱས་པ་ཡིན་ཞེས་བསྒྲགས།

ཇུས་གཞིའི་ནང་། ཟས་རིགས་སྨན་རྫས་དང་སྨན་བབཅོས་འགན་སྲུང་། སྤྱི་ཐུན་འཕྲོད་བསྟེན། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག བདེ་འཇགས་ཐོན་སྐྱེད། ངལ་རྩོལ་འགན་སྲུང་། གྲོང་ཁྱེར་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས། གཙོ་བོར་ལྟ་ཞིབ་ཚད་ལྡན་མིན་པ་དང་ཞིབ་བཤེར་གྱི་སྤུས་ཚད་མི་བཟང་བ། སྡེ་ཁག་གིས་མཉམ་ལས་མི་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་བཅོས་སྐྱོང་བྱེད་པ་དང་། དོན་དག་མེད་ན་སུན་བཟོ་མི་བྱེད་པ་དང་དགོས་མཁོ་སྐོང་ཐབས་བྱེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་ཤུགས་བཏོན་ནས། ཆུ་ཚད་མཐོ་བའི་ཞབས་ཞུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད། ཇུས་གཞིའི་ནང་། 2024ལོའི་ཟླ8པ་ནས་ཟླ10བའི་བར་དུ། རང་བཤེར་རང་བསྲང་དང་དག་ཐེར་ལག་བསྟར། སྲ་བརྟན་མཐོར་འདེགས་བཅས་དུས་རིམ་གསུམ་ལ་བགོས་ནས་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་དགོས་ཞེས་བཏོན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བཅོས་སྐྱོང་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་སྤྱི་སྡོམ་བྱེད་པ་དང་། སྲིད་འཛིན་ཞིབ་བཤེར་གྱི་གསལ་ཕྲ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ལྟ་ཞིབ་ཞིབ་བཤེར་ཚད་ལྡན་ཅན་དུ་བསྒྱུར་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཐེངས་གཅིག་ལ་དོན་དག་མང་པོར་ཞིབ་བཤེར་བྱེད་པའི་རྩ་དོན་ལྟར། རིགས་མི་འདྲ་བའི་དམངས་གཉེར་ཚོང་གཉེར་གཙོ་གཞི་སྣ་ཚོགས་ལ་ལྟ་ཞིབ་ཞིབ་བཤེར་བྱེད་པའི་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་ལྟ་ཞིབ་ཞིབ་བཤེར་བྱེད་ཚད་ཇེ་ཉུང་དུ་གཏོང་བ། དམངས་གཉེར་ཚོང་གཉེར་གཙོ་གཞིའི་ཉིན་རྒྱུན་གྱི་ཐོན་སྐྱེད་ཚོང་གཉེར་ཐད་ཀྱི་འགལ་རྐྱེན་ཇེ་ཉུང་དུ་བཏང་ནས། དམངས་གཉེར་ཚོང་གཉེར་གཙོ་གཞི་ཐད་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།