ཟླ8པའི་ཚེས5ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་ཆེད། མཚོ་བྱང་ཁུལ་གྱིས་རྣམ་པ་མང་པོ་དང་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་ཐད་སྐུལ་འདེད་བཏང་། ད་ལོར། གྲོང་གསེབ་དར་སྤེལ་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང་ང་བརྒྱད་ཀྱིས་མི་སྟོང་གཅིག་དང་སུམ་བརྒྱ་བཅུ་བདུན་བསྡུ་ལེན་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་དང་གཞོགས་འདེགས་བྱས་ནས་རྒུད་གསབ་ལས་སྤྲོད་བྱེད་པའི་ལས་གཞི་གཅིག་ལག་བསྟར་བྱས་ཏེ། ས་གནས་ཀྱི་ངལ་རྩོལ་པ་སོ་གཅིག་བསྡུ་ལེན་བྱས་ལ། ཟླ་ཕོག་སྒོར་འབུམ་གཅིག་དང་ཁྲི་གཉིས་སྟོང་བཞི་བདུན་བརྒྱ་བྱིན་ནས། མཚོ་བྱང་ཁུལ་གྱི་དབུལ་ཐར་མི་གྲངས་སྟོང་དགུ་དང་བརྒྱ་དང་རེ་གཅིག་ལས་ཞུགས་བྱེད་ཐུབ་པ་བྱུང་།
མཚོ་བྱང་ཁུལ་གྱིས་རྫོང་སོ་སོའི་ས་ཁོངས་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་ཁྱད་འཇོན་ལ་ཟུང་འབྲེལ་བྱས་ནས། ཁྱད་ལྡན་ཅན་གྱི་གསོ་སྦྱོང་རྣམ་པ་ལག་བསྟར་བྱས་པ་དང་། མང་ཚོགས་ཀྱིས་རེ་ཞུ་བྱེད་པ་དང་སྡེ་ཁག་གིས་རེ་བ་སྐོང་བའི་ཚལ་ཐོ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་ལག་བསྟར་བྱས། གསོ་སྦྱོང་གི་དུས་ཡུན་ཐུང་བ་དང་སྦྱོང་སླ་བ་དང་ཤེས་སླ་བ། དབུལ་ཐར་ཡོང་འཕར་བྱེད་ཐུབ་པའི་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱས། སྲིད་གཞུང་གིས་རེ་སྐོང་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུ་བྱེད་པ། དགོས་མཁོ་ལྟར་འཛིན་གྲྭ་བསྒྲུབ་པ། རྩལ་ནུས་གཅིག་ལ་གསོ་སྦྱོང་གཅིག་གི་གསོ་སྦྱོང་རྣམ་པ་རྒྱུན་མཐུད་འཐུས་ཚང་དུ་བཏང་། མི་གཅིག་ལ་གསོ་སྦྱོང་བྱས་རྗེས་ལས་ཞུགས་བྱེད་དུ་བཅུག་ནས་ཁྱིམ་ཚང་གཅིག་བརྟན་འཇགས་སུ་གཏོང་བའི་གསོ་སྦྱོང་མ་དཔེ་ལག་བསྟར་བྱས། མིག་སྔའི་བར་དུ། མཚོ་བྱང་ཁུལ་གྱི་དབུལ་ཐར་ངལ་རྩོལ་པ་སྟོང་གཅིག་དང་དྲུག་ཅུ་རྩ་འཛུགས་བྱས་ནས་ལས་ཞུགས་རྩལ་ནུས་གསོ་སྦྱོང་སྤེལ།
དྲ་ཐོག་ནས་ངོ་ཐུག་མི་དགོས་པར་ཡར་ཞུ་མཆན་འགོད་བྱེད་པ་དང་ཡུལ་དངོས་ནས་ཕྱོགས་ཡོངས་ནས་དང་ལེན་སྒྲུབ་གཅོད་བྱེད་པ་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། བརྒྱུད་སྒྲུབ་གོ་རིམ་ལེགས་བསྒྱུར་བྱས་པ་དང་། སྒྲིག་ལམ་ལྟར་ཞིང་ཆེན་བརྒལ་ནས་ལས་ཞུགས་བྱེད་པའི་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྲིད་ཇུས་ལག་བསྟར་བྱས། མིག་སྔའི་བར་དུ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་བརྒལ་ནས་ལས་ཞུགས་ལས་སྐྲུན་བྱས་ཏེ་དུས་ཡུན་ཟླ་གསུམ་འགོར་བའི་དབུལ་ཐར་མི་གྲངས་སྟོང་གཅིག་དང་སོ་བཞི་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྒོར་ས་ཡ་གཅིག་དང་ཁྲི་གསུམ་སྟོང་བཞི་བྱིན། ཞིང་ཆེན་ནང་ཁུལ་དུ་ལས་ཞུགས་བྱེད་པའི་ངལ་རྩོལ་པར་ཁ་གསབ་སྟེར་བའི་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། མིན་ཡོན་གྱི་ལས་ཞུགས་བྱས་པའི་དབུལ་ཐར་མི་གྲངས་སྟོང་གཅིག་དང་བརྒྱ་དང་ཉེར་བཞི་ལ་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་སྟོང་དྲུག་ཉིས་བརྒྱ་བྱིན། དེ་དང་མཉམ་དུ། སྤྱི་ཕན་རང་བཞིན་གྱི་ལས་རྐང་གསར་སྤེལ་བྱས་ནས་ལས་ཞུགས་བྱེད་དཀའ་བའི་དབུལ་ཐར་ངལ་རྩོལ་པར་མཐིལ་རྟོགས་འགན་སྲུང་བྱས་པ་དང་། ད་ལོར། ནགས་རྩྭ་དང་ཞིང་ཕྱུགས། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གིས་གཅིག་འདོམས་སྒོས་དབུལ་ཐར་མི་གྲངས་སྟོང་གསུམ་དང་ལྔ་བརྒྱ་བཅུ་གཅིག་ལ་སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་འདོན་སྤྲོད་བྱས།
རིན་ཆེན་མཚོས་བསྒྱུར།