རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ།
2024.08.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 ཉེ་ལམ་གསར་འགོད་པས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། གཙོ་གནད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། 2023ལོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་ཡི་སྤྱིའི་འཆར་འགོད་ཡོངས་བསྒྲགས་དང་ལག་བསྟར་བྱས་པ་དེས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་གསལ་བོ་བྱས་ཡོད།  རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་།  སྐྱེ་དངོས་གཙོ་བོའི་རིགས་ཀྱི་གྲངས་ཀ་སླར་གསོ་བྱུང་བ། སྐྱེ་དངོས་སྣ་མང་རང་བཞིན་བརྟན་འཇགས་དང་འཕར་སྣོན་བྱུང་བ།   སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་གིས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་ལུགས་མཐུན་ངང་ཕྱོགས་སྒྱུར་བྱེད་པའི་རྐྱེན་སྲོལ་རྣམ་པ་འཚོལ་ཞིབ་བྱས་ཏེ། སྡེ་ཁུལ་སྡོད་དམངས་ཁྲི5ཙམ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་སུ་ཞུགས་ཡོད།

འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཆེ་ཤོས་ཚན་རིག་དང་མཐུན་པར་འཆར་འགོད་དང་འཛུགས་སྐྲུན་བྱས། 《རྒྱལ་ཁབ་སྤྱི་གླིང་གི་བར་སྟོང་བཀོད་སྒྲིག་ཇུས་གཞི》ལྟར། རྒྱལ་ཁབ་སྤྱི་གླིང་གི་གདམ་བྱའི་ཁུལ་ཞེ་དགུ་འཆར་འགོད་བཀོད་སྒྲིག་བྱས་པ་དང་།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཅིག་ཙམ་ཡོད་པ་དེའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་དགུ་དང་ཁྲི་དགུ་ཡོད། རྒྱལ་ཁབ་སྤྱི་གླིང་གི་གདམ་བྱའི་ཁུལ་ཞེ་དགུ་ཡིས་རང་རྒྱལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་གི་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་ཀྱི་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་གི་སྙིང་བཅུད་ཆེ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པ་བཅས་ཀྱི་ས་ཁོངས་དེ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཁྲོད་བཅུག་ནས། སྐམ་སའི་ཁོངས་སུ་མཐོ་རིམ་རྩི་ཤིང་རིགས་ཁྲི་གཉིས་དང་སྟོང་དགུ་དང་།  སྲོག་ཆགས་རིགས5000ལྷག   80%ཡན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་བྱ་ཡུལ་བཅས་ཚུད་ཡོད།

ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་ཡི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་སྲུང་སྐྱོབ་བྱས་པ་དང་། གཙོད་ཀྱི་ཁྱུ་ཚོགས་ཁྲི7ལྷག་བར་སླར་གསོ་བྱུང་ཡོད།

“ལྟ་ཞིབ་ཚད་ལེན་དང་། ཚན་རིག་ཞིབ་འཇུག  དྲིལ་སྒྲོག་སློབ་གསོ”བཅས་ལས་སྟེགས་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད། ལོ་གཉིས་ཀྱི་རིང་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དང་། གནམ་ས་གཞི་གཅིག་ཅན། འཆར་འགོད་ཇུས་གཞི། རྣམ་གྲངས་སོགས་ཁག8ཚུད་པའི་རྒྱལ་ཁབ་སྤྱི་གླིང་གི་ཤེས་ཚོར་མ་ལག་ཐོག་མར་བཙུགས་པ་དང་།  གཙོ་གནད་ས་ཁོངས་ཀྱི་དུས་ཐོག་ལྟ་ཞིབ་ཚད་ལེན་ཐོག་མར་མངོན་འགྱུར་བྱས་པ། འཛམ་གླིང་རིམ་པའི་ཚན་རིག་ཞིབ་འཇུག་སྟེགས་བུ་སྒྲིག་འཛུགས་བྱས་པ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་དང་ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་མཉམ་དུ་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ། ཆུ་ཚད་མཐོ་བའི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་མ་ལག་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་གི་འགྲེལ་བཤད་མ་ལག་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ལས་སྟེགས་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་སྤུས་རྟགས་གཏོད་པ། རྒྱལ་སྤྱི་དང་རྒྱལ་ནང་གི་བརྗེ་རེས་ཐབས་ལམ་རྒྱ་ཆེར་བཏང་བ། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་དང་རྒྱལ་ཁབ་སྤྱི་གླིང་གི་འགྲེམ་སྟོན་གཉེར་བ། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་ཁྱབ་སྤེལ་བྱས་པ།  རྒྱལ་ཁབ་སྤྱི་གླིང་གི་ཤེས་བྱ་དང་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་བཅས་བྱས།   རྒྱལ་ཁབ་སྤྱི་གླིང5རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་དང་པོར་བདམས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་ཕྱོགས་སྟོན་བཟོས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་དང་དྲིལ་སྒྲོག་སློབ་གསོ་སོགས་ཆ་ཚང་བྱེད་ཐབས་ཀྱི་ཡིག་ཆ་པར་འགྲེམས་བྱས་ཤིང་། 《རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཚད་གཞི》དང《རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལག་རྩལ་སྒྲིག་སྲོལ》སོགས་རྒྱལ་ཁབ་ཀྱི་ཚད་གཞི5ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། 《རྒྱལ་ཁབ་སྤྱི་གླིང་འཛུགས་པའི་དཔྱད་ཡིག་ཞིབ་བཤེར་བྱེད་ཐབས》དང《〈རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་ཞིབ་བཤེར་མཆན་འགོད་དོ་དམ་བྱེད་ཐབས་ཀྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》སོགས་ལམ་ལུགས་ཀྱི་ཡིག་ཆ་ཁག10ཙམ་བཟོས་ནས་བཟོ་བཅོས་བྱས།  རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་དང་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔའི་གནས་ཡུལ་ཀྱི་ཞིང་ཆེན་བར་མཉམ་འབྲེལ་གྲོས་ཚོགས་ཀྱི་མཐུན་སྦྱོར་སྐུལ་འདེད་རྐྱེན་སྲོལ་བཙུགས་ཏེ། མཉམ་དུ་གནད་དོན་ལ་ཞིབ་འཇུག་དང་བྱ་བ་བཀོད་སྒྲིག་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།