
ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ལ་ཕན་པ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་བྱེད་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་ཁྱད་ལྡན་འཕེལ་རྒྱས་དམིགས་འབེན་བཅས་ལ་དོ་སྣང་ཆེན་པོ་བྱས་ནས། ཧུར་ཐག་གིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་བྱས་ཏེ། 2024ལོའི་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་དོན་འཁྱོལ་བྱ་རྒྱུ་བརྩོན་ལེན་བྱས་པ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ94ཡི་སློབ་གྲྭའི་ཉལ་ཁང་དང་སྒྲིག་ཆས་ཉོ་སྒྲུབ་ཐད་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
ཀྲུང་དབྱང་གི་སྔོན་རྩིས་འདིའི་ཁྲོད་གཙོ་བོ་མཐོ་འབྲིང་དཀྱུས་མའི་བསླབ་གནས་འདོན་སྤྲོད་མི་འདང་བའི་གནད་དོན་དང་། སློབ་འབྲིང་གི་ཚོད་ལྟའི་སྒྲིག་ཆས་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཟི་ལིང་གྲོང་ཁྱེར་ཉིན་ཀྲི་སློབ་འབྲིང་དང་། མཚོ་ཤར་གྲོང་ཁྱེར་གྱི་སློབ་འབྲིང་ལྔ་པ། རྨ་ལྷོ་ཁུལ་གྱི་དུས་རབས་གསར་པའི་མཐོ་རིམ་སློབ་འབྲིང་། མགོ་ལོག་མཚོ་ཤར་སློབ་འབྲིང་བཅས་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། བོད་འབྲེལ་ཁུལ་དང་རྫོང་གི་སློབ་འབྲིང་ལ་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས། ས་ཁམས་བཅས་ཀྱི་ཚད་ལྡན་ཚོད་ལྟ་ཁང146བཀོད་སྒྲིག་བྱས་ནས། “སྐོར་ཞིག་གསར་འཛུགས་བྱེད་པ་དང་། སྐོར་ཞིག་རྒྱ་བསྐྱེད་པ། སྐོར་ཞིག་མཐོར་འདེགས་སུ་གཏོང་བ”བཅས་ལ་འབད་བརྩོན་བྱས་པ་བརྒྱུད། རྨང་གཞིའི་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། ཚན་རིག་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ལེགས་དོ་སྙོམས་ཡིན་པའི་རྨང་གཞིའི་སྤྱི་པའི་སློབ་གསོའི་ཞབས་ཞུ་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་སློབ་གྲྭ་བཟང་བོར་འགྲིམ་པའི་མཛེས་སྡུག་གི་ཕུགས་འདུན་སྐོང་དགོས།
ཤ་བོ་རིན་མཚོས་བསྒྱུར།