2026ལོར་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁུལ་དུ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཁྱབ་ཚད100%ལ་བསླེབ་པར་བྱེད་རྒྱུ་རེད།
2024.08.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། གསར་དུ་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི2024ནས2026ལོའི་བར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》གཞིར་བཟུང་སྟེ། རང་ཞིང་གིས“སྐར་མ15ཡི་འཚོ་བའི་ཁོར་ཡུག”ཧུར་ཐག་གིས་བསྐྲུན་ནས་བྱེད་ནུས་སྣ་མང་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཁག་ཅིག་གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞིང་། 2026ལོའི་བར་དུ། སྡེ་ཁུལ་དུ་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ཁྱབ་ཚད100%ཟིན་པ་དང་། མཁར་ཁུལ་གསར་བ་འཛུགས་སྐྲུན་དང་སྡོད་གནས་ཁུལ་དུ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད100%ཟིན་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སྡེ་ཁུལ་གྱི་རྒན་པར་ཟ་མ་འདོན་སྤྲོད་བྱེད་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།

རང་ཞིང་གིས་ད་དུང་ནུས་པ་ཤོར་བ་དང་བློ་རིག་མི་གསལ་བའི་རྒན་པར་ལྟ་སྐྱོང་བྱེད་པའི་རྒན་གསོ་ལས་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། 2026ལོའི་ལོ་མཇུག་བར་དུ། རྫོང་དང་། གྲོང་ཁྱེར། ཆུས་སོ་སོར་ཉུང་མཐར་ཡང་རྫོང་རིམ་པའི་ནུས་པ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར་བྱེད་པའི་ཞབས་ཞུའི་ལས་ཁུངས་གཅིག་འཛུགས་རྒྱུ་དང་། རྒན་གསོའི་ལས་ཁུངས་ཀྱི་ནད་གཡོག་རྣམ་པའི་ཉལ་ཁྲི་བརྒྱ་ཆའི་བདུན་ཅུ་ལས་མི་ཉུང་བ་བྱ་རྒྱུ། རྒན་གསོའི་ལས་ཁུངས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་རྒྱུ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྲང་ལམ་རྒན་གསོ་ཞབས་ཞུའི་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། 2026ལོར་ཡུལ་ཚོ་དང་གྲོང་རྡལ་གྱི་སྲང་ལམ་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁེབས་ཚད་བརྒྱ་ཆའི་ལྔ་བཅུ་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད།

རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཚོལ་ཞིབ་དང་སྒྲིག་བཟོ་བྱས་ཏེ། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་འབྲེལ་མཐུད་བྱེད་པའི་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཕན་ཚུན་རོགས་རེས་བདེ་སྐྱིད་ཁང་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོ་ཁང་སོགས་ད་ཡོད་ཀྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཧུར་ཐག་གིས་སྒྱུར་བཀོད་བྱས་ཏེ། རོང་འབྲོག་ཁུལ་གྱི་རྒན་པའི་རྒན་གསོ“ཁྱིམ་དང་ཁ་བྲལ་རུང་སྡེ་བ་དང་ཁ་མི་འབྲལ་བའི”དགོས་མཁོ་བསྐང་དགོས། ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་ཉི་འོད་དྲོད་ཁང་འཛུགས་སྐྲུན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དབྱང་རླུང་བཟོ་བའི་འཕྲུལ་ཆས་སོགས་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས། 2025ལོར་མཚོ་འཕང་མཐོ་བའི་ས་ཁུལ་དུ་རྒན་གསོ་སྒྲིག་གཞིའི་དབྱང་རླུང་མཁོ་འདོན་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱེད་རྒྱུ་རེད།

རྒན་གསོ་ཞབས་ཞུའི་ལས་གནས་ཀྱི་གྲངས་ཀ་དང་འཇོན་མིའི་གཞི་ཁྱོན་བརྟན་པོ་དང་རྒྱ་ཆེར་གཏོང་བ་དང་། རྒན་གསོ་ཞབས་ཞུ་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་བ་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བ་དང་། ལོ་རེར་རྒན་གསོའི་ནད་གཡོག་པ་སྟོང་གཅིག་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། 2026ལོར་རྒན་གསོ་ཁང་གི་འགོ་བར་གསོ་སྦྱོང་བྱེད་ཚད་100%བསླེབ་པར་བྱེད་རྒྱུ་ཡིན་ཞིང་། རྒན་གསོ་ཞབས་ཞུའི་རྩ་འཛུགས་འཁོར་རྒྱུག་དོ་དམ་མི་སྣ་གསོ་སྦྱོང་བྱེད་ཚད་100%ལ་བསླེབ་པར་བྱེད་རྒྱུ་རེད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོ་སྒྲིག་གཞིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ། སྣ་མང་ཅན་དང་རིམ་པ་མང་བའི་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ཞབས་ཞུ་མཁོ་འདོན་དང་། ཆ་རྐྱེན་འཛོམས་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཁྱིམ་ཚང་གི་ནད་ཁྲི་དང་ཁྱིམ་དུ་ཡོང་ནས་སྐོར་སྐྱོད་སྨན་བཅོས་བྱེད་པ་སོགས་ཀྱི་ཁྱིམ་སྡོད་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད། “སྙིང་རྗེ་དང་རྒན་གསོའི”སྤྱི་ཕན་ལས་གཞིར་སྐུལ་འདེད་བཏང་སྟེ། ལོ་རེར་མཁར་གྲོང་གི་ཡོང་སྒོ་དམའ་བའི་ཁྱིམ་ཚང་སྟོང་གཅིག་ལ་རིན་མ་བླངས་པར་མིག་ནད་སྐྱ་འགྲིབ་གཤགས་བཅོས་བྱས་ནས་འོད་སྣང་མཐོང་དུ་འཇུག་རྒྱུ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།