མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་དུས་འདིར། མགོ་ལོག་ཁུལ་གྱིས2024ལོའི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་འཛད་སྤྱོད་རོགས་སྐྱོར་འོས་སྦྱོར་བྱ་འགུལ་སྤེལ་བ་དང་། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་བོད་ལུགས་ལག་ཤེས་བཟོ་ལས་ཐོན་རྫས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། འཛད་སྤྱོད་ཁྲོམ་རར་བསྟུན་ནས་གསར་སྤེལ་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་དངོས་ཐོན་རྫས་སོགས་ཟླ8པའི་ཚེས4ཉིན་ནས་ཟླ8པའི་ཚེས7ཉིན་འགྲེམ་འཚོང་དང་འོས་སྦྱོར་བྱས་པ་རེད། སྐབས་དེར་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཞིང་ཕྱུགས་ཁྱབ་ཁོངས་སུ་གཏོགས་པའི་ཆེད་མཁས་པ་གདན་འདྲེན་ཞུས་ནས། ཁྱད་ལྡན་གསོ་ར་དང་འདེབས་འཛུགས་བྱེད་ས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཞིབ་གཉེར་ལས་སྣོན་ཁེ་ལས་བཅས་སུ་སོང་སྟེ་རྟོག་ཞིབ་དང་ལྟ་སྦྱོང་བྱས་པ་དང་། མགོ་ལོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འགོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་ཅང་སུའུ་ཞིང་ཆེན་དང་མགོ་ལོག་ཁུལ་གཉིས་ཀྱིས་མཉམ་ལས་བྱས་པའི་ཚུན་ལ། ས་གནས་གཉིས་ཀྱི་ཕན་ཚུན་འཚམས་འདྲི་བརྒྱུད་ནས། ཐོན་ལས་དང་འཛད་སྤྱོད་མཉམ་ལས། མཉམ་སྡེབ་མཉམ་སྐྲུན། ངལ་ལས་མཉམ་སྒྲུབ། སྤྱི་ཚོགས་རོགས་སྐྱོབ། འཇོན་མི་བརྗེ་རེས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་དང་བརྗེ་རེས་ཟབ་མོ་བྱས་པ་དང་། ཅང་སུའུ་ཡི་ཤར་རྒྱུད་ལེགས་ཆས་ནུབ་རྒྱུད་ཀྱི་ཞན་ཆར་ཁ་གསབ་བྱས་ཤིང་། སྔོན་སྤེལ་དགེ་མཚན་གྱིས་རྗེས་གཏོད་ནུས་པར་སྐུལ་འདེད་བཏང་སྟེ། མགོ་ལོག་ཁུལ་ལ་གཞོགས་འདེགས་བྱས་ནས་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཚར་བའི་བྱ་བ་སྣ་ཚོགས་བསྒྲུབས་ཚར་བ་རེད། ཅང་སུའུ་ཡིས་འབྲོག་ཁུལ་གཙོ་བོ་ཡིན་པའི་མགོ་ལོག་ཁུལ་ལ་འབྲི་གཡག་དང་བོད་ལུག་ཐོན་ལས་འོས་སྦྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྫོང་གཅིག་ལ་ལས་སྒོ་གཅིག་དང་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་རྣམ་པ་བཏོད་ནས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དངོས་འབེབས་བྱས་ཤིང་། འབྲི་གཡག་སྟོང་དང་བོད་ལུག་སྟོང་གི་ཚད་ལྡན་གསོ་སྤེལ་རྟེན་གཞི་དང་། ཐོན་ལས་མཉམ་འདྲེས་དཔེ་སྟོན་རྟེན་གཞི། འབྲི་གཡག་དང་བོད་ལུག་གསོ་སྤེལ་རྒྱུད་སྤེལ་རྟེན་གཞི་སོགས་ཁ་གཏད་རོགས་སྐྱོར་ལས་གཞི་བརྒྱ་དང་ཉེར་བདུན་འཛུགས་སྐྲུན་བྱས། མགོ་ལོག་ཁུལ་གྱིས་འབྲི་གཡག་དང་བོད་ལུག ཤྭ་བ་དང་ནགས་གླ་བཅས་ཀྱི་གསོ་སྤེལ་རྟེན་གཞི་དང་། ནས་ནག་དང་ཀི་ཀོ་ཤྭ་མོའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་དག་གིས་ལག་རྩལ་དང་མ་དངུལ་གྱི་འདེགས་སྐྱོར་འོག གསོ་སྤེལ་དང་ཐོན་སྐྱེད་རྣམ་པ་དེ་རགས་ལས་རྣམ་པ་ནས་ཞིབ་ལས་རྣམ་པར་བསྒྱུར་ཏེ། མགོ་ལོག་ཁུལ་གྱི་ཁྱད་ལྡན་ཞིབ་ཕྱུགས་ཐོན་ལས་ཀྱི་སྣ་མང་ཅན་གྱི་གསར་སྤེལ་དང་། རིམ་མང་ཅན་གྱི་བེད་སྤྱོད། ལས་རིམ་མང་པོའི་རིན་འཕར་བཅས་ལ་སྐུལ་འདེད་བཏང་།
ད་ལོ་ནི་མགོ་ལོག་ཁུལ་དང་ཅང་སུའུ་ཞིང་ཆེན་གྱིས་ཤར་ནུབ་རྒྱུད་མཉམ་ལས་སྤེལ་ནས་ལོ་ངོ་བཞི་འགོར་བའི་དུས་ཡིན་ལ། ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཆེད། ས་ཁུལ་གཉིས་ཀྱིས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། འཕེལ་རྒྱས་དམ་པོར་འཛིན་པ། དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཐོན་ལས་ཕན་ཚུན་ཁ་གསབ་དང་། མི་སྣ་མཉམ་འགུལ། ཕན་ཚུན་གྱི་ལག་རྩལ་སློབ་སྦྱོང་སོགས་ཀྱི་ཁྱབ་ཁོངས་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་སྨན་བཅོས། སློབ་གསོ། ལས་ཞུགས། ན་གཞོན་འགྲོ་འོང་བརྗེ་རེས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་ལས་ཕྱོགས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། འཕེལ་རྒྱས་མཉམ་རྒྱལ་བཅས་ཀྱི་ལེའུ་གསར་བ་བྲིས་པ་རེད།
ལྷ་མོ་འཚོས་བསྒྱུར།