མཚོ་སྔོན་གྱིས་སྡེ་ཁག་མང་པོ་རྩ་འཛུགས་བྱས་ནས་ཟླ་བརྒྱད་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་གྲོས་མོལ་བྱས།
2024.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ7པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་ཐུན་དོན་རྐྱེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་གནོད་འགོག་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་བཅས་ཀྱིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན་སོགས་ཁོངས་གཏོགས་ལས་ཁུངས་བཅུ་གཉིས་རྩ་འཛུགས་བྱས་ནས་ཟླ་བརྒྱད་པའི་ནང་གི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཐད་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱས། ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་འགན་ཁུར་བློ་མཐུན་གྱིས། མིག་སྔར་མཚོ་སྔོན་ལས་གཞི་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་དང་བཟོ་ཞིང་ལས་ཐོན་སྐྱེད་ཀྱི་བྲེལ་ཟིང་ཆེ་བའི་དུས་སྐབས། གནས་སྐོར་བ་མང་བའི་དུས་སྐབས། ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ཞོད་འགོག་འབྲུབ་འགོག་དང་གནོད་སྐྱོབ་བྱ་བའི་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་པའི་ཚུལ་བསྟན།

གྲོས་མོལ་ལྟར་ན། འབྲེལ་ཡོད་སྡེ་ཁག་སོ་སོས་གཙོ་གནད་འབུར་དུ་ཐོན་པར་བྱས་ནས། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་བཀག་སྡོམ་ལ་ཤུགས་སྣོན་རྒྱུ་རེད། གཞུང་ལམ་དང་ལྕགས་ལམ་འགྲམ་རྒྱུད་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་ས་དང་ཟམ་པ་དང་སྦུག་ལམ། གཞུང་ལམ་འོག་གི་སྦུག་ལམ་སོགས་ལམ་མཚམས་གཙོ་བོའི་ཞིབ་བཤེར་སྐོར་ཞིབ་ལ་ཤུགས་བསྣན་ནས། བདེ་འཇགས་ཉེན་ཁ་མཐོང་ཚེ་དུས་ཐོག་ཏུ་སྙན་ཞུ་འབུལ་བ་མ་ཟད་བཀག་སྡོམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ལ། ཆུ་ལོག་དང་རི་ཉིལ་བ། འདམ་རྡོ་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྦུབས་ལམ་ལ་སྐོར་སྲུང་གྲལ་བཤེར་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། རྒྱང་སྐྱོད་རླངས་འཁོར་དང་གནས་སྐོར་རླངས་འཁོར། ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར། ཉེན་ཆེ་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར། ལྡིད་ཐེག་ཟོང་སྐྱེལ་རླངས་འཁོར་སོགས་རླངས་འཁོར་གཙོ་བོའི་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ནས། ཉེན་ཁར་མི་འཛེམ་པར་སྐྱེལ་འདྲེན་བྱེད་པ་དང་ཉེན་ཁའི་ཁྲོད་རླངས་འཁོར་གཏོང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་རེད། མྱུར་བགྲོད་ལྕགས་ལམ་དང་འགྲུལ་སྐྱེལ་མེ་འཁོར་གྱི་ཆུ་རྒྱས་པའི་དུས་ཀྱི་བདེ་འཇགས་འགོག་ཟོན་འབུར་དུ་ཐོན་པར་བྱས་ནས་བཟང་བོར་བསྒྲུབ་པ་དང་། བདེ་འཇགས་ཉེན་ཁར་ཐུག་དུས་དུས་ཐོག་ཏུ་མེ་འཁོར་གྱི་མགྱོགས་ཚད་ཇེ་དམའ་རུ་གཏོང་བ་དང་ལམ་བསྐོར་ནས་འགྲོ་བ། ཡང་ན་གཏོང་མཚམས་འཇོག་པ་སོགས་ཀྱི་ཉེན་གཡོལ་བྱེད་ཐབས་བཀོལ་སྤྱོད་བྱེད་རྒྱུ་ཡིན་ལ། ཆུ་རྒྱས་པའི་དུས་སྐབས་ཀྱི་བཟོ་སྐྲུན་བདེ་འཇགས་ཉེན་ཁ་ཅུང་ཆེ་བའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་གཙོ་བོར་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན་པ་དང་། བཟོ་སྐྲུན་འཛུགས་སྐྲུན་སྡེ་ཁག་གིས་ལས་སྒྲོམ་དང་ལྕོག་རིང་ལྗིད་འདེགས་འཕྲུལ་འཁོར། བཟོ་སྐྲུན་འཛུགས་སྐྲུན་གློག་སྐས། བཟོ་དབྱིབས་བཟོ་སྐྲུན་དང་། བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་ཀྱི་གནས་སྐབས་ཀྱི་ཁང་བ་དང་གྱང་རའི་བདེ་འཇགས་འགོག་ཟོན་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  ཆུ་རྒྱས་པའི་དུས་ཀྱི་གཏེར་སྙིགས་དང་ཆུ་རགས། ཆུ་ལོག་ཕྱིར་འབུད་པའི་བཟོ་བཀོད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་བཤེར་བྱས་ཏེ། ཆུས་བསྣུབས་པ་དང་ཆུ་རགས་ཤོར་བ། གློག་ཆད་པ་སོགས་ཀྱི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཙོ་བོར་དབྱར་གནང་སྐབས་ཀྱི་རི་ཁུལ་གྱི་དམངས་གཉེར་མགྲོན་ཁང་དང་གནས་སྐོར་ལྗོངས་རྒྱུ་ཁུལ། ཕྱི་རོལ་གྱི་དྲ་གྲགས་ས་ཆ་སོགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཆར་འབབ་ཚད་ཆེ་བའི་ས་ཁུལ་དུ་སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ། གནས་སྤོར་བ་སོགས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།