ཟླ8པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་གཉིས་ཀྱིས་ཟི་ལིང་དུ་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་མཉམ་ལས་མཉམ་སྐྲུན་བྱེད་པའི་ཁ་གསབ་གྲོས་ཆོད་བཀོད།
རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་འཇགས་བྱ་བར་བཏོན་པའི་རྒྱས་བཤད་གལ་ཆེན་གྱི་ལག་ལེན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་གལ་ཆེན་གྱི་དངོས་གཉེར་བྱེད་ཐབས་དངོས་འབེབས་ཟབ་མོ་བྱེད་པ། ནད་པས་ས་ཁོངས་ལས་བརྒལ་ནས་སྨན་བཅོས་བྱེད་ཚད་ཇེ་ཉུང་དུ་གཏོང་བ་དང་ནད་པའི་འགན་ཁུར་ཇེ་ཡང་དུ་གཏོང་བ། ནད་ཚབས་ཆེན་ཕོག་རུང་ཞིང་ཆེན་ལས་མི་བརྒལ་བ་བཅས་མངོན་འགྱུར་བྱེད་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ཚུན་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་། ཕྱོགས་བསྡུས་ཐབས་ཇུས་བཏོན་ནས། སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཞབས་ཞུའི་འགན་སྲུང་ཇེ་ལེགས་སུ་བཏང་བ་དང་། ལས་གཞིའི་སྨན་ཁང་གི་འཁོར་རྒྱུག་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་དང་འགྲན་སློང་ཐག་གཅོད་ནུས་ལྡན་བྱས་ཏེ། རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོས་ཉེ་སྔོན་ལས་གཞི་གཙོ་བོ་ཡོངས་འགྲུབ་བྱས་པ་དང་། 2025ལོའི་ཟླ10པའི་ཟླ་མཇུག་ཏུ་ལས་གཞི་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་བཀོད་དེ། ལས་གཞི་འཛུགས་སྐྲུན་གྱི་སྔོན་དཔག་དམིགས་འབེན་རྩ་བའི་ཆ་ནས་མངོན་འགྱུར་བྱུང་།
ཉེ་སྔོན། ཞིང་ཆེན་སྲིད་གཞུང་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་གཉིས་ཀྱིས་ས་ཁོངས་སྨན་བཅོས་ལྟེ་གནས་མཉམ་ལས་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་གྲོས་ཆོད་བཀོད་ཅིང་། འཛུགས་སྐྲུན་དམིགས་འབེན་དང་། འཛུགས་སྐྲུན་ནང་དོན། མཉམ་ལས་དང་དོ་དམ་རྣམ་པ། ཕྱོགས་གཉིས་ཀྱི་ཁེ་དབང་འོས་འགན་སོགས་ཀྱི་ནང་དོན་ཐད་གྲོས་འཆམ་བཀོད། ཐེངས་འདིར་མིང་རྟགས་བཀོད་པའི་ཁ་གསབ་གྲོས་ཆོད་ཀྱིས་མཉམ་ལས་ཀྱི་གནད་ཚུལ་ཞིབ་ཕྲ་དང་བྱེ་བྲག་གི་དམིགས་འབེན་དེ་སྔར་ལས་གཙོ་བོར་བཟུང་བས། སྒྲོམ་གཞིའི་གྲོས་ཆོད་ལ་ཁ་གསབ་ཀྱི་ནུས་པ་གང་ལེགས་ཐོན་པ་དང་། ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་སྔར་ལས་བརྟན་པོ་འདོན་སྤྲོད་བྱས་པས། རང་ཞིང་གི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་བཀོད་སྒྲིག་དོ་མཉམ་ལ་སྐུལ་འདེད་གཏོང་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།
ལྷ་མོ་འཚོས་བསྒྱུར།