ཟླ8པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་ཉེར་གསུམ་པའི་པི་ལུང་ཏིས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཟི་ལིང་ནས་ལམ་ལ་ཆས་ནས། ཨ་ཧྥེ་རི་ཁ་གླིང་གི་པི་ལུང་ཏིས་ལ་དུས་ཡུན་ལོ་གཅིག་རིང་གི་སྨན་བཅོས་རོགས་སྐྱོར་བྱེད་པའི་ལས་འགན་ལག་བསྟར་བྱེད་པར་སོང་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་ཉེར་གསུམ་པའི་སྨན་བཅོས་རུ་ཁག་དེ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་འགོ་ཁྲིད་དེ་རྩ་འཛུགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་སོགས་སྨན་ཁང་བཅུ་ཡིས་མཉམ་དུ་རྩ་འཛུགས་བྱས་པ་ཡིན་ལ། རུ་ཁག་ཡོངས་ལ་བསྡོམས་པས་མི་ཉེར་དགུ་ཡོད་པ་དང་། དེའི་ཁྲོད་སྐྱེས་པའི་རུ་མི་བཅུ་བདུན་དང་། སྐྱེས་མའི་རུ་མི་བཅུ་གཉིས་ཡོད། སྨན་བཅོས་ཆེད་ལས་ལག་རྩལ་མི་སྣ་ཉེར་གསུམ་ཡོད་པ་དང་། དེའི་ནང་སྨན་པ་འབུམ་རམས་པ་བཞི་དང་སྨན་རམས་པ་གཞོན་པ་བཅུ་གཉིས། སྨན་ཁང་རབ་འབྱམས་པ་གཅིག སྨན་པ་དཀའ་བཅུ་བ་དྲུག ལོ་ཙཱ་བ་གཅིག་དང་ཇ་མ་གསུམ་བཅས་འདུ་ལ། མིག་ནད་ཚན་ཁག་དང་བུད་མེད་བུ་བཙའ་ཚན་ཁག ཁ་ནད་ཚན་ཁག་སོགས་ཆེད་ལས་བཅུ་གསུམ་ཡོད།
སྨན་བཅོས་རུ་ཁག་གི་རུ་མི་ཡོངས་ལ་དུས་ཡུན་ཟླ་དྲུག་ལྷག་རིང་གི་སློབ་གསོ་གསོ་སྦྱོང་སྤེལབ་དང་། དེའི་སྐབས་སུ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་དང་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་མི་དམངས་སྨན་ཁང་གསུམ་པ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཞིང་ཆེན་ཕྱིའི་འདར་ནད་དང་ཨའེ་པོ་ལའི་ནད་དུག་འགོག་སྡོམ་སོགས་ཐད་ཀྱི་འབྲེལ་ཡོད་ཆེད་མཁས་པ་བཅས་གདན་ཞུ་བྱས་ནས་ཡུལ་དངོས་དང་ཡང་ན་བརྙན་རིས་བརྒྱུད་དེ་ཆེད་དོན་གསོ་སྦྱོང་བྱས་ནས། སྨན་བཅོས་རོགས་སྐྱོར་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།
ངོ་སྤྲོད་བྱས་པ་ལྟར་ན། 1987ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་སྨན་བཅོས་རོགས་སྐྱོར་རུ་ཁག་སྐོར་ཐེངས་ཉེར་གཉིས་དང་མི་བཞི་བརྒྱ་དང་གྱ་དྲུག་མངགས་པ་དང་། རྒྱ་ཆེའི་སྨན་བཅོས་རོགས་སྐྱོར་རུ་མིས་མེས་རྒྱལ་གྱི་མངག་བཅོལ་དང་མི་དམངས་ཀྱི་རེ་སྒུག་སེམས་ལ་བརྟན་པོར་བཟུང་ནས། དཀའ་ཁག་མི་སྐྲག་པ་དང་གཏོང་ཕོད་པ། སྨན་བཅོས་སྲོག་སྐྱོབ་དང་མཐའ་མེད་བྱམས་བརྩེའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་འདོན་སྤེལ་བྱས་པ་དང་། དཀའ་ཁག་མང་པོ་ཁྱད་སེལ་བྱས་ནས། སྨན་བཅོས་རོགས་སྐྱོར་རུ་ཁག་གི་བྱེད་ཐབས་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ལ། ལག་རྩལ་གསར་བ་དང་ལས་སྒོ་གསར་བ་སྤེལ་བ་དང་། རང་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་དང་ཁབ་བཙའ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པ་སོགས་ཀྱི་སྨན་བཅོས་བྱེད་ཐབས་བེད་སྤྱོད་བྱས་ལ། ནད་གཞིར་གྲོས་སྡུར་བྱེད་པ་དང་ནད་ཐོག་སྨན་བཅོས་བརྒྱུད་དེ་སློབ་ཁྲིད་བྱེད་པ་། ཉམས་མྱོང་བརྒྱུད་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ས་དེའི་སྨན་བཅོས་མི་སྣའི་ལག་རྩལ་ཆུ་ཚད་དང་སྨན་བཅོས་ནུས་པ་སྐྱེད་སྲིང་དང་མཐོར་འདེགས་བཏང་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་མཚོ་སྔོན་གྱི་ལེའུ་བྲིས་པ་དང་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱས།
རིན་ཆེན་མཚོས་བསྒྱུར།