2024ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་བསྡུས་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་དང་དང་བླངས་ཞབས་ཞུའི་བདེ་འཇགས་བྱ་འགུལ་ཟི་ལིང་དུ་སྤེལ།
2024.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ8པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་དང་མཁར་དཀྱིལ་ཁུལ་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་འགན་ཁུར་ནས་བསྒྲུབས་པའི་ཧུར་ཐག་གིས་གཅིག་ཅན་བཅུ་ཡི་ལས་འགན་གཙོ་བོ་ལག་བསྟར་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་མངོན་པར་བྱེད་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་དང་དང་བླངས་པའི་ཞབས་ཞུའི་བདེ་འཇགས་བྱ་འགུལ་སྤེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས།

བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་དང་གྲོང་ཁྱེར། ཆུའུ་བཅས་རིམ་པ་གསུམ་གྱི་བདེ་འཇགས་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་བརྒྱ་དང་དྲུག་ཅུ་ལྷག་དང་དང་བླངས་པ་ཉིས་བརྒྱ་དང་བདུན་ཅུ་ཡིས། བཅའ་ཁྲིམས་བློ་འདྲི་ཞབས་ཞུ་དང་གཡོ་བསླུ་འགོག་པའི་ཤེས་བྱ་འགྲེལ་བཤད་བྱེད་པ། བདེ་འཇགས་འཕྲལ་བསྟུན་རྒྱུན་ཤེས་དྲིལ་སྒྲོག་བྱེད་པ་སོགས་བརྒྱུད་དེ། རྣམ་པ་མང་པ་དང་ནང་དོན་ཕུན་སུམ་ཚོགས་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་ནས། མང་ཚོགས་ལ་རོགས་བྱས་ནས་དོགས་གནད་སེལ་བ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གྲུབ་འབྲས་དྲིལ་སྒྲོག་བྱས་ལ། རྒྱ་ཆེའི་མང་ཚོགས་ཀྱིས་ཟུར་ངོས་མང་པོ་དང་ཕྱོགས་ཡོངས་ནས་བདེ་འཇགས་འཛུགས་སྐྲུན་བྱ་བའི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། བདེ་འཇགས་འཛུགས་སྐྲུན་གྱི་སྤྱི་ཚོགས་ཤན་ཤུགས་རྒྱུན་མ་ཆད་པར་རྒྱ་སྐྱེད།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་དམིགས་འབེན་ནི། སྤྱི་ཚོགས་ལས་རིགས་སོ་སོ་དང་དང་བླངས་པ། རྒྱ་ཆེའི་མི་དམངས་མང་ཚོགས་བདེ་འཇགས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཆེར་སྐྱེད་པ་དང་། རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཀྱི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་རྒྱུས་ལོན་དང་ཟབ་ཞུགས་ཚད་སྔར་ལས་མཐོར་འདེགས་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པར་འབོད་སྐུལ་བཏང་སྟེ། མི་ཡོངས་བདེ་འཇགས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ་དང་མི་ཚང་མས་བདེ་འཇགས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། མཚོ་སྔོན་འཆམ་མཐུན་གཏན་འཇགས་དང་ཡུན་སྐྱོང་བདེ་འགོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

རིན་ཆེན་མཚོས་བསྒྱུར།