མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་བརྙན་རིས་ཚོགས་འདུ་བསྡུས།
2024.08.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ8པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱིས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་བརྙན་རིས་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ད་ལོའི་རང་ཞིང་གི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ལོ་སྨད་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ལོ་སྟོད་དུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། བཅོས་བསྒྱུར་ལ་ཇུས་འགོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ལག་བསྟར་དམ་འཛིན་བྱས་ལ། སྨན་བཅོས་ཐོན་ཁུངས་རིམ་པ་བཞིན་ལེགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟབ་ནས་ཟབ་ཏུ་སྤེལ་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྨན་བཅོས་བཅོས་སྒྱུར་གྱིས་རྒྱུན་མཐུད་ངང་མང་ཚོགས་ལ་ཕན་འདོགས་པ། རིམས་འགོག་བཅོས་སྒྱུར་སྤེལ་ནས་ཕན་འབྲས་ལེན་པ་བཅས་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གོང་འཕེལ་ཆེན་པོ་བྱུང་བ་དང་གྲུབ་འབྲས་བཟང་བོ་བླངས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་སྐྱིད་སྲུང་སྐྱོབ་བྱེད་པའི་དམངས་ཚིས་གལ་ཆེན་དང་དམངས་སེམས་བོཟ་སྐྲུན་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་བའི་སྨན་བཅོས་བཅོས་སྒྱུར་བྱ་བའི་སྤྱིའི་བཀོད་སྒྲིག་དང་སྤྱིའི་བླང་བྱར་གོ་བ་ཟབ་མོ་བླངས་ནས། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ་དང་། མི་དམངས་ཀྱི་བདེ་ཐང་དེ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་པ། འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྨན་བཅོས་འགན་སྲུང་ལམ་ལུགས་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། རྙིང་འདོར་གསར་འཛུགས་བྱས་ཏེ། སྒྲིག་གཞི་རྐྱེན་སྲོལ་སྟེང་གྲུབ་འབྲས་གསར་བ་ལེན་དགོས། ཞན་ཆ་ཁ་གསབ་བྱས་ནས། དཀའ་གནད་སེལ་བའི་སྟེང་མཆོང་བརྒལ་གསར་བ་མངོན་འགྱུར་བྱེད་དགོས། རྒྱུན་མཐུད་ངང་ཤུགས་བཏོན་ཏེ། བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་སྟེང་ཡར་ཐོན་གསར་བ་ལེན་དགོས། འཚོལ་ཞིབ་གསར་གཏོད་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཉམས་མྱོང་གསར་བ་བསྐྲུན་པ་དང་། སྨན་བཅོས་བཅོས་སྒྱུར་གྱི་ཕན་བདེ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས།  ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།