
ཟླ8པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་དངུལ་རྩའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་དངུལ་རྩའི་ལས་རིགས་ཀྱི་མཐོ་སྒང་སྔོ་ཞིང་དངུལ་རྩ་གཙང་ཞེས་པའི་སྲོལ་གཙང་རིག་གནས་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། འགྲེམ་སྟོན་ཚོགས་འདུའི་སྟེང་ཡུལ་དངོས་ལྟ་སྦྱོང་དང་། བརྗེ་རེས་མཉམ་སྤྱོད། ཁས་ལེན་ཡི་གེ་འགོད་པ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ། རང་ཞིང་གི་དངུལ་རྩའི་ལས་རིགས་ཀྱི་སྲོལ་གཙང་རིག་གནས་འཛུགས་སྐྲུན་གྲུབ་འབྲས་གཅིག་སྡུས་སྒོས་འགྲེམ་སྟོན་བྱས་པ་དང་། གོ་རིམ་རྗེས་མའི་དམིགས་འབེན་དང་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་བྱེད་མི་ཕོད་ལ། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ཟབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་རིགས་ཀྱི་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་དང་རང་ཞིང་གི་སྤྱོད་གཙང་རིག་གནས་བྱ་བ་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།
ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ནི་རང་ཞིང་གི་དངུལ་རྩའི་ལས་རིགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྤྱོད་གཙང་དངུལ་རྩའི་རིག་གནས་ལག་བསྟར་ཟབ་མོ་བྱེད་པའི་མུ་འབྲེལ་བྱ་འགུལ་གྱི་ནང་དོན་གཙོ་བ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དངུལ་རྩའི་རིག་གནས་དར་སྤེལ་གཏོང་བའི་བྱེ་བྲག་གི་ལག་ལེན་ཡིན། ཚོགས་འདུའི་སྟེང་། དངུལ་རྩའི་ལས་ཁུངས་བཞི་ཡིས་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཚོགས་ཞུགས་འཐུས་ཚབ་པས་མཚོ་སྔོན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་དགོས་པ་ལྔ་དང་མི་དགོས་པ་ལྔ་ལག་བསྟར་བྱེད་པའི་དངུལ་རྩའི་རིག་གནས་ཁས་ལེན་ཡི་གེར་མིང་རྟགས་བཀོད་ཅིང་། ལས་ཁུངས་སོ་སོས་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྲུབ་འབྲས་སྙན་ཞུ་ཕུལ་བ་དང་འགྲེམ་སྟོན་བྱས།
ཉེ་བའི་ལོ་འགའི་རིང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁུལ་ཁོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པར་སྣེ་ཁྲིད་ཅིང་། སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྲུན་བྱེད་པ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ནང་དོན་གཙོ་བོར་བཟུང་བ་དང་། ལྟ་སྐུལ་དོ་དམ་གྱིས་སྣེ་ཁྲིད་པ་དང་མཐུན་ཚོགས་ཀྱིས་སྟེགས་བུ་བསྐྲུན་པ། ལས་ཁུངས་ཀྱིས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱིས་མཉམ་བསྐྲུན་བྱེད་པ་བཅས་ཀྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྲུན་རྣམ་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་སོ་སོའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། མཚོ་སྔོན་གྱི་དངུལ་རྩའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒྲིག་ལམ་གྱི་འགན་སྲུང་དང་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱས་པས་གྲུབ་འབྲས་གལ་ཆེན་བླངས་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས་བསྟན་དོན། ང་ཚོས་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག རྒྱུན་མཐུད་སྒོས་སྲོལ་གཙང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་། སྤྱོད་གཙང་དངུལ་རྩའི་རིག་གནས་ཀྱི་རྒྱུན་རྣམ་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་ཁྱད་ཆོས་ལྡན་པའི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།