ཟླ8པའི་ཚེས7ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་དག་ཐེར་ལེགས་བཅོས་བྱ་བའི་བཀོད་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་འབྲེལ་བྱས་ནས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆེད་དོན་དག་ཐེར་ལེགས་བཅོས་འགུལ་སྐྱོད་སྤེལ་ཏེ། དཔང་དངོས་ར་སྤྲོད་དང་། ཚད་ལེན། ཐོན་སྐྱེད། ཕྱིར་ཚོང་། བེད་སྤྱོད་བཅས་ཀྱི་གོ་རིམ་སོ་སོར་འབྲེལ་ཞིང་། ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་ལས་རིམ་སོ་སོའི་ཁྱབ་ཁོངས་གཙོ་བོར་ཁེབས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་དག་ཐེར་དག་བཅོས་བྱ་ཡུལ་ནི་མེ་འགོག་མེ་གསོད་ཐོན་རྫས་ཀྱི་དཀར་ཆག་ཁྲོད་ཀྱི་འཛུགས་སྐྲུན་མེ་འགོག་མེ་གསོད་སྒྲིག་ཆས་རིགས་དང་མེ་འགོག་མེ་གསོད་རྒུད་སྐྱོབ་སྒྲིག་ཆས་རིགས་ཀྱི་ཐོན་རྫས་དག་ཡིན། རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མེ་འགོག་མེ་གསོད་ཐོན་རྫས་ཕྱིར་འཚོང་ཁྱབ་ཁོངས་ལ་གཞིགས་ནས། མགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ཐོན་སྐྱེད་ཕྱིར་འཚོང་ཁྱབ་ཁོངས་ཁྲོད་ཀྱི་མེ་འགོག་མེ་གསོད་ཐོན་རྫས་རྫུན་མར་ཁྲིམས་ལྟར་ཞིབ་བཤེར་བཀག་འཇོག་བྱེད་པ་དང་བཀག་ཉར་བྱེད་པའི་བཙན་ཤུགས་ཀྱི་བྱེད་ཐབས་བེད་སྤྱོད་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་མེ་གསོད་ཐོན་རྫས་ཁྲོམ་རར་ཞུགས་པར་བཀག་འགོག་ནན་མོ་བྱེད་དགོས། རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་མེ་འགོག་མེ་གསོད་ཐོན་རྫས་བེད་སྤྱོད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། འཛུགས་སྐྲུན་གྱི་མེ་འགོག་མེ་གསོད་སྒྲིག་ཆས་རིགས་དང་མེ་འགོག་མེ་གསོད་རྒུད་སྐྱོབ་སྒྲིག་ཆས་རིགས་ཀྱི་ཐོན་རྫས་ཚང་མ་དག་ཐེར་ལེགས་བཅོས་བྱེད་པའི་ཁྱབ་ཁོངས་སུ་འཇུག་པ་དང་། གཙོ་བོ་ཚད་ལྡན་མིན་པའི་དྲ་གྲགས་རིགས་ཀྱི་མེ་འགོག་མེ་གསོད་ཐོན་རྫས་དང་མེ་འགོག་མེ་གསོད་ས་ཚིགས་ཆུང་བའི་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་སྤྱི་བདེ་སྡེ་ཁག་གིས་ཉེས་དོན་རྡུང་རྡེག་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ལས་རིམ་ཡོངས་དང་། རྒྱུ་རྐྱེན་ཚང་མ། བརྒྱུད་རིམ་ཧྲིལ་བོའི་བྱ་བའི་བླང་བྱར་གཞིགས་ནས། དྲ་ཐོག་དང་ཡུལ་དངོས། མགོ་མཇུག་ཚང་མར་གཅིག་འདོམས་བྱེད་པ་དང་། མེ་འགོག་མེ་གསོད་ཐོན་རྫས་རྫུན་མ་བཟོ་བ་དང་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་ཉེས་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཆེན་པོ་བཏང་སྟེ། བློ་རྩ་བརྟན་པོས་ནག་ཉེས་དྲ་རྒྱ་དང་ཐོན་རྫས་རྫུན་མའི་ཐོན་སྐྱེད་ལས་རིམ་རྩ་མེད་དུ་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།