མཚོ་སྔོན་གྱི་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་ཇེ་ཆེར་སོང་།
2024.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ8པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་བརྙན་རིས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། རང་ཞིང་གིས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་བཅོས་སྒྱུར་ལས་འགན་གཙོ་བོར་སྐུལ་འདེད་བཏང་ནས། རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱུང་ཡོད་ལ། རྒྱལ་ཁབ་ཀྱི2023ལོའི་རྫོང་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པའི་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཁྲོད། རང་ཞིང་གི་སྨན་ཁང་སོ་བཞི་རྩ་བའི་ཚད་གཞིར་ལོངས་པ་དང་། ཟིན་ཚད་བརྒྱ་ཆའི་བརྒྱད་ཅུ་དང་གྲངས་ཆུང་དགུ་ལྔ་ཡིན་ཞིང་། 2022ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་ཞེ་དྲུག་དང་གྲངས་ཆུང་གཅིག་བདུན་འཕར་ཡོད་ལ། ཟིན་ཚད་ཇེ་མཐོར་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། རང་ཞིང་གིས་ཕྱོགས་ཡོངས་ནས་ཚགས་དམ་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་། ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ཚན་ཁག་བརྒྱད་ཅུ་འཛུགས་སྐྲུན་བྱས་ཤིང་། ལྟེ་གནས་ཆེན་པོ་ལྔ་རེ་དགུ་འཛུགས་སྐྲུན་བྱས། བཅོས་སྒྱུར་ཟབ་སྤེལ་གྱིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་གི་བདེ་ཐང་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་པ་དང་། སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིར་ཡོངས་བསྒྲགས་མི་སྣ་བཞི་བརྒྱ་གོ་གཉིས་བསྡུ་འགུག་བྱས་ཤིང་། ཁྱིམ་ཚང་སྨན་པས་མིང་རྟགས་འགོད་པའི་ཞབས་ཞུའི་བྱ་བ་ཚད་ལྡན་དང་གྲུབ་འབྲས་རྒྱུགས་བཤེར་བྱ་བའི་ཇུས་གཞི་གཏན་འབེབས་བཟོས། རྫོང་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་བ་དང་། སྨན་བཅོས་ཁ་གཏད་རོགས་སྐྱོར་གྱི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་གཏན་འབེབས་བཟོས་ནས། རྩ་འཛུགས་སྡེ་ཁག་གི་ཚོགས་པའི་རྣམ་པའི་རོགས་སྐྱོར་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྨན་བཅོས་ལག་བསྟར་བྱས་ཤིང་། ལག་རྩལ་གསར་བའི་ལས་གཞི་ལྔ་བརྒྱ་སོ་བདུན་གསར་སྤེལ་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་ནས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་མང་ཚོགས་ཀྱི་སྔོན་འགོག་བདེ་སྲུང་དང་། ནད་ལ་བལྟ་བ་ནད་བཅོས་བྱེད་པའི་ཐད་ཀྱི་ཆེས་སེམས་ཁུར་བྱེད་ས་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པར་གཞིགས་ནས། འཕྲོད་བསྟེན་བདེ་ཐང་བྱ་བཞག་གི་འཕེལ་རྒྱས་དོ་སྙོམས་མིན་ལ་ཆ་ཚང་མིན་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། རྗེས་ཕྱོགས། རང་ཞིང་གིས་གཞི་རིམ་དུ་མགྱོགས་མྱུར་ངང་རིམ་དབྱེ་ཅན་གྱི་ནད་བརྟག་སྨན་བཅོས་མ་ལག་འཛུགས་སྐྲུན་བྱེད་ཅིང་། སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་ནས་ཁུལ་ཁོངས་དོ་སྙོམས་ཀྱི་སྒྲིག་བཀོད་ལ་སྔར་ལས་སྐུལ་འདེད་གཏོང་དགོས། སྨན་བཅོས་གཞི་གཅིག་ཅན་གྱི་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཚགས་དམ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་ཅིང་། སྨན་བཅོས་གཞི་གཅིག་ཅན་ཁྲོད་ཀྱི་སྲིད་འཛིན་དང་། མི་དོན། ནོར་སྲིད། ལས་སྒོ། སྨན་སྤྱོད། ཆ་འཕྲིན་སོགས་ཀྱི་གཅིག་གྱུར་བཀོད་སྒྲིག་རྐྱེན་སྲོལ་མགྱོགས་མྱུར་ངང་བཙུགས་ཏེ། སྨན་བཅོས་གཞི་གཅིག་ཅན་གྱི་དངོས་འབྲེལ་མཉམ་འདྲེས་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ། གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་བསླབ་ཚན་སོགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། མགྱོགས་མྱུར་ངང་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ། མང་ཚོགས་ཀྱི་སྤུས་ལེགས་སྨན་བཅོས་ཞབས་ཞུའི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།