ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ།
2024.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ7ཟླ་མཇུག་དང་ཟླ8ཟླ་སྟོད་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་གི་ལག་བསྟར་བྱ་བར་ཡུལ་དངོས་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་གིས་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ནང་དོན་དང་འབྲེལ་བའི་མཚོན་བྱེད་རང་བཞིན་གྱི་ཁེ་ལས་ལས་ཁུངས་སུ། འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་། མེ་གསོད་རོགས་སྐྱོབ་ལས་ཁུངས། རྡོ་སོལ་གཏེར་ཁ་དང་རྡོ་སོལ་མིན་པའི་གཏེར་རི། རྫས་འགྱུར་བཟོ་ལས་ཁེ་ལས་སོགས་སྡེ་ཁག་ཏུ་ཡུལ་དངོས་ཞིབ་ལྟ་དང་། བཞུགས་མོལ་བརྗེ་རེས་བྱས་པ་བརྒྱུད། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་དང་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཁོར་སྐྱོར་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཞིབ་མོ་བྱས།

ཞིབ་བཤེར་ཚན་ཆུང་གིས་ས་ཆ་སོ་སོས་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་ལག་བསྟར་དངོས་འབེབས་བྱས་པའི་ཉམས་མྱོང་དང་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་གོ་སྐབས་སུ་བརྩིས་ཏེ། ཞིབ་བཤེར་ལས་རྙེད་པའི་གནད་དོན་ལ་ཁ་གཏད་ནས། སྔར་ལས་ལྷག་པར་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། རྐྱེན་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཇེ་དམ་ཇེ་ནན་ཏུ་གཏོང་བ་དང་། བྱ་བ་དམ་འཛིན་ཞིབ་ཚགས་བྱེད་དགོས་ཞེས་བསྟན་པར་མ་ཟད། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བླང་བྱ་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། ཕྱོགས་སོ་སོའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མངོན་མེད་ཉེན་ཁ་ནུས་ལྡན་སྒོས་སེལ་བ། ལྟ་སྐུལ་དོ་དམ་གྱི་འཕྲལ་བསྟུན་བྱ་བར་ཤུགས་གནད་ཁེལ་འདོན་པ། རྨང་གཞི་འགན་སྲུང་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ཤུགས་བཏོན་ཏེ། ནུས་ཡོད་ཀྱི་བྱེད་ཐབས་སྤྱད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ལ། ཁྲིམས་སྐྱོང་དྲིལ་སྒྲོག་གི་སློབ་གསོ་སྤེལ་བར་མུ་མཐུད་ཤུགས་བསྣན་ཏེ། མི་རེ་རེས་བདེ་འཇགས་བསམ་པ་དང་སོ་སོས་འཕྲལ་བསྟུན་ཐབས་ཇུས་ཤེས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིབ་བཤེར་བྱེད་པའི་དུས་མཉམ་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་དང་སྤྱི་ཚོགས་ཉེན་སྲུང་བྱ་བའི་གནས་ཚུལ་གྱི་རྟོག་ཞིབ་བྱ་བ་སྤེལ།

རིག་འཛིན་སྒྲོལ་མས་བསྒྱུར།