ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གླ་བསྡུའི་ས་ཚིགས་མེད་པར་བཟོས་པའི་བཟོ་སྐྲུན་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས།
གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ཨུ་ཡོན་ལྷན་ཁང་གིས་སྤྱི་བའི་ཚན་ཆུང་དང་། ཕྱི་ལས་ཚན་ཆུང་། ནང་ལས་ཚན་ཆུང་བཅས་ཆེད་ལས་ཞིབ་བཤེར་ཚན་ཆུང་གསུམ་དུ་བགོས་ནས། སྙན་ཞུར་ཉན་པ་དང་། ཡུལ་དངོས་ལྟ་ཞིབ། རྒྱུ་ཆ་ཞིབ་ཀློག ཚོགས་འདུ་བསྡུ་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་རིམ་པའི་དྲ་འབྲེལ་ལྟེ་གནས་ཀྱི་མ་ལག་དང་། གླ་བསྡུའི་ས་ཚིགས་མ་ལག་གི་སྲ་ཆས་དང་མཉེན་ཆས་སྒྲིག་བཀོད་ཀྱི་རིམ་སྤོར་སྒྱུར་བཀོད། ཞིང་ཆེན་ས་མཚམས་ཀྱིETCསྒོ་སྒྲོམ་སོགས་ཀྱི་འཛུགས་སྐྲུན་ནང་དོན་གྱི་ཞིབ་བཤེར་རྩིས་ལེན་བྱ་བ་བསྒྲུབས། ཞིབ་བཤེར་རྩིས་ལེན་ཨུ་ཡོན་ལྷན་ཁང་གིས་བལྟས་ན། ལས་གཞི་འདི་འཛུགས་སྐྲུན་བྱེད་པའི་སྔོན་དཔག་མཇུག་འབྲས་ལ་སླེབས་པ་དང་། ལས་གཞིའི་རྒྱུ་ཆ་ཆ་ཚང་ཞིང་། ཡིག་ཚགས་དོ་དམ་གྱི་ཚད་གཞིར་བསྟུན་ལ། སྤུས་ཚད་དཔྱད་འཇོག་ཚད་གཞིར་ལོངས་པས། མཚོ་སྔོན་ཞིང་ཆེན་གྱིས་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གླ་བསྡུའི་ས་ཚིགས་མེད་པར་བཟོས་པའི་བཟོ་སྐྲུན་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་གཅིག་གྱུར་མོས་མཐུན་བྱུང་།
མཚོ་སྔོན་ཞིང་ཆེན་གྱིས་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ས་མཚམས་ཀྱི་གླ་བསྡུའི་ས་ཚིགས་མེད་པར་བཟོ་བའི་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་བྱས་པས། མཚོ་སྔོན་གྱིས་འགྲིམ་འགྲུལ་ལས་སྒོའི་མ་ལག་འཛུགས་སྐྲུན་བྱེད་པ་དང་ཆ་འཕྲིན་ཐོན་ཁུངས་སྡེབ་སྒྲིག ཆ་འཕྲིན་ཞབས་ཞུ་སོགས་ཐད་ཀྱི་ནུས་པ་ཇེ་ཆེར་སོང་ཞིང་། འགྲུལ་བཞུད་ཐེངས་གཅིག་ལ་གླ་གཅོག་ཐེངས་གཅིག་བྱེད་པ་དང་། ཐེངས་གཅིག་ལ་བརྡ་རྒྱག་པ་དང་ཕྱིར་སྒོའི་གླ་རིན་གསལ་བའི་དམིགས་འབེན་མངོན་འགྱུར་བྱུང་སྟེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་ལས་ཆོད་མཐོར་འདེགས་བཏང་བ་དང་། དངོས་རྒྱུག་མ་རྩ་ཇེ་དམའ་རུ་བཏང་ཞིང་། རླངས་འཁོར་མ་བསྡད་པར་མགྱོགས་མྱུར་ངང་གླ་བསྡུ་བ་མངོན་འགྱུར་བྱུང་ལ། མྱུར་བགྲོད་གཞུང་ལམ་གྱི་གླ་བསྡུའི་དོ་དམ་ལམ་ལུགས་རྐྱེན་སྲོལ་བཙུགས་ནས། རྒྱལ་ཡོངས་ལམ་དྲའི་དྲ་བ་གཞི་གཅིག་ཅན་གྱི་རྣམ་པ་སྔར་ལས་འཐུས་ཚང་དུ་བཏང་ཞིང་། གོམ་སྟབས་རྗེས་མར་རང་འགུལ་སྒོས་གླ་བསྡུ་བ་དང་། ETCལག་རྩལ་རྒྱ་བསྐྱེད་དང་བེད་སྤྱོད་བྱེད་པར་ཤུགས་བསྣན་ལ། གཞི་གྲངས་ཅན་གྱི་རིགས་སྒྱུར་གསར་གཏོད་བེད་སྤྱོད་རྣམ་པ་མགྱོགས་མྱུར་ངང་བསྐྲུན་ཏེ། རྒྱུན་མཐུད་སྒོས་སྤྱི་དམངས་འགྲུལ་བཞུད་ཀྱི་སྤུས་ལེགས་ཞབས་ཞུར་རྨང་གཞི་བརྟན་པོ་བཏིངས་ཡོད།
ལྷ་མོ་འཚོས་བསྒྱུར།