སྐབས་གསུམ་པའི“ཞིང་རི”ན་གཞོན་གསར་སྐྲུན་བརྗེ་རེས་ཚོགས་འདུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་བསྡུས།
2024.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཉེ་ལམ། སྐབས་གསུམ་པའི“ཞིང་རི”ན་གཞོན་གསར་སྐྲུན་བརྗེ་རེས་ཚོགས་འདུ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཞིབ་འཇུག་རིག་གཞུང་དེ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་ཡུན་རིང་ཚན་རིག་ཞིབ་འཇུག་རྟེན་གཞི་ནས་བསྡུས།

མདོ་ལ་རིང་མོ་ནི་རང་རྒྱལ་གྱི་ནུབ་བྱང་སྐམ་ཁུལ་གྱི་ཆུ་ཁུངས་གསོག་ཁུལ་གལ་ཆེན་ཞིག་ཡིན་ལ།  རང་རྒྱལ་གྱི་སྐམ་སའི་ནང་ཁུལ་དུ་བཞུར་བའི་ཆུ་བོ་མང་བོའི་འབྱུང་ཁུངས་ཀྱང་ཡིན་པས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཆུའི་སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱིས“རྒྱལ་ཁབ་སྤྱི་གླིང་དང་མདོ་དབུས་མཐོ་སྒང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད”ཅེས་པ་བརྗོད་བྱ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པ་དང་། སྐམ་སའི་སྐྱེ་ཁམས་མ་ལག་དང་ཆུ་སྐྱེས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་མདུན་གྲལ་གྱི་རིགས་པའི་གཞུང་ལུགས་དང་བྱང་ཆུབ་པའི་ལག་རྩལ་བརྗེ་རེས་དང་གྲོས་བསྡུར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ཁྱབ་ཁོངས་ཀྱི་རིག་གཞུང་གྲུབ་འབྲས་གསར་བ་ལོངས་སྤྱོད་བྱས་པ་དང་། ཧུར་ཐག་གིས་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཞིབ་འཇུག་དང་མཉམ་ལས་བརྗེ་རེས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། ཚོགས་འདུའི་སྟེང་། ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧི་ཧྲུན་ཕིང་གིས“སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་པའི་དཔེ་གཞི་གསར་པའི་བཀོད་པ་དང་། བརྒྱུད་རིམ། རྒྱུ་རྐྱེན”དང་འབྲེལ་ནས་སྙན་ཞུ་ཕུལ་བ་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེན་རིན་ཧྲིན་གྱི་ཚོགས་པས“བ་ལྡིང་ཆུ་བོའི་སྟོད་རྒྱུད་ས་ཚིགས་ཀྱི་གྲང་ཁུལ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ད་ལྟའི་གནས་ཚུལ”དང་འབྲེལ་ནས་སྙན་ཞུ་ཕུལ་ལ། ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཧུང་ཀྲུའུ་ཡིས“ཆུའི་སྐྱེ་ཁམས་ཀྱི་ཆ་ཚང་རང་བཞིན་ལ་གདེང་འཇོག་བྱེད་པའི་གཞི་རྩའི་མཚན་ཉིད་དང་འཕེལ་ཕྱོགས་སྐོར”ལ་དམིགས་ནས་སྙུན་ཞུ་ཕུལ་བ་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲིག་ཧྭ་ཁུན་གྱིས“མདོ་དབུས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ”ཞེས་པར་འབྲེལ་ནས་སྙན་ཞུ་ཕུལ། ན་གཞོན་མཁས་པ10ཡིས་རང་སོ་སོའི་ཞིབ་འཇུག་བྱ་གཞི་དང་ཟུང་འབྲེལ་བྱས་ཏེ་བརྗེ་རེས་མཉམ་སྤྱོད་བྱས།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་འབྲེལ་ཡོད་ཆེད་མཁས་པ་དང་མཉམ་དུ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་པ། མཉམ་ལས་རྐྱེན་སྲོལ་སོགས་ཀྱི་ནང་དོན་ཐད་ནས་བཞུགས་མོལ་བརྗེ་རེས་བྱས་པ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཐེངས་འདིའི་ཚོགས་འདུའི་གྲུབ་འབྲས་སློབ་སྦྱོང་དང་ཕྱོགས་སྡོམ་གང་ལེགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། མཉམ་ལས་གསར་པ་འཚོལ་ཞིབ་དང་། བཀོད་པ་གསར་བ་ཇུས་འགོད། ཚན་རིག་ཞིབ་འཇུག་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པ། རྒྱལ་ཁབ་སྤྱི་གླིང་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་གང་ཐུབ་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།