ཟླ8པའི་ཚེས12ཉིན། ཞིང་ཆེན་ཡོངས་ཀྱི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་བྱེད་ཐབས》པར་སྐྲུན་འགྲེམ་སྤེལ་བྱས།
《བྱ་བའི་བྱེད་ཐབས》དེ་དང་བླངས་ཞབས་ཞུའི་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དང་བླངས་ཞབས་ཞུའི་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་དཔུང་སྡེའི་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་གཡུལ་སའི་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་རིག་གནས་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུར་རྒྱབ་སྐྱོར་བྱེད་པའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཁག་བདུན་ལས་གྲུབ་ཅིང་། དེའི་དམིགས་ཡུལ་ནི་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཞིག་མཉམ་དུ་བསྐྲུན་རྒྱུ་དེ་རེད།
《བྱ་བའི་བྱེད་ཐབས》ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། འཚོ་བ་དང་མང་ཚོགས་ལ་མཁོ་བའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཇུས་འགོད་ཞིབ་མོ་བྱེད་རྒྱུ་རེད། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་དང་། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས། ལས་སྒྲུབ་ཚོམས་ཆེན། སྒེའུ་ཁུང་སྡེ་ཚན་ནང་དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་དང་། དངོས་མང་བཤམས་སྟོནཁང་། དྲན་གསོ་ཁང་། ཚན་རྩལ་ཁང་སོགས་དང་བླངས་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་འཛུགས་སྐྲུན་དང་ཡང་ན་དང་བླངས་ཞབས་ཞུའི་ས་ཚིགས་དང་ལེན་བྱེད་པ། ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ལས་གནས་བསྐྲུན་པ། དམིགས་བསལ་གྱི་མཛེས་ལྗོངས་ཁུལ་སོགས་ལ་ཁྲིད་སྟོན་བྱས་ཏེ། གསར་དུ་ལས་པའི་སྡོད་ཁང་དངོས་ལས་སྤྱི་བའི་ཞབས་ཞུའི་བཀོལ་སྤྱོད་ཁང་བ་འཆར་འགོད་བྱེད་སྐབས་དང་བླངས་ཞབས་ཞུར་བར་སྟོང་བཀོད་སྒྲིག་བྱེད་དགོས།
ཧུར་ཐག་གིས་ས་གནས་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། མུ་མཐུད་དུ་མ་དངུལ་གྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ། དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་གཏོང་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇོག་པ། ལས་ཁུངས་དང་། ཁེ་ལས། ལས་དོན་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ལས་བྱེད་པ་དང་ལས་བཟོ་པས་དང་བླངས་ཞབས་ཞུ་སྤེལ་བར་གྲོན་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱ་དགོས།
《མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུར་སྐུལ་མ་གཏོང་བའི་བྱ་དགའི་བྱེད་ཐབས》སྒྲིག་བཟོ་བྱས་ནས་བསམ་པའི་སྐུལ་སློང་གཙོ་བོ་ཡིན་པའི་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། སྐར་མ་རིམ་པའི་གཏན་འཁེལ་ལམ་ལུགས་བཟོས་ཏེ་དང་བླངས་པར་གྲུབ་འབྲས་ཐོབ་པའི་ཚོར་བ་དང་གཟི་བརྗིད་ཐོབ་པའི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས། ཞབས་ཞུའི་སྐར་གསོག་དང་དུས་ཚོད་གསོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གུས་པས་དྲིན་གཟོ་དང་ཡིད་རྟོན་གྱིས་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རེད། ཆབ་སྲིད་ཀྱི་ཐོབ་ཐང་དང་། སྔོན་ཐོན་དང་ཕུལ་བྱུང་ལ་བདམས་པ། སློབ་གྲྭའི་སློབ་གསོ། ལས་ཞུགས་ལས་སྐྲུན། སྤྱི་བའི་འགྲིམ་འགྲུལ། དངུལ་རྩའི་ཞབས་ཞུ། འཛད་སྤྱོད་འགྲོ་སྒོ། འཚོ་བའི་ཞབས་ཞུ། སེམས་ཁུར་དང་གཅེས་སྐྱོང་སོགས་ཀྱི་ཐད་གཟིགས་སྐྱོང་ངེས་ཅན་ཞིག་མཁོ་འདོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “ཕུལ་བྱུང་ཏང་དོན་བྱ་བ་སྒྲུབ་མཁན” “ཀུན་སྤྱོད་དཔེ་ལེགས་པ”དཔྱད་འདེམས་བྱེད་པ་དང་རྒྱལ་ཡོངས་ཀྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་།“ཕུལ་བྱུང་ཏང་དོན་བྱ་བ་སྒྲུབ་མཁན།”“ཀུན་སྤྱོད་དཔེ་ལེགས་པ”དཔྱད་འདེམས་བྱེད་པར་ངོ་སྤྲོད་བྱེད་སྐབས། དང་བླངས་ཞབས་ཞུ་དེ་དཔྱད་གཞི་གལ་ཆེན་ཞིག་ཏུ་འཛིན་དགོས། གཞུང་ཞབས་པར་བསྡུ་ལེན་དང་ལས་དོན་ལས་ཁུངས་སུ་མི་བསྡུ་ལེན་བྱེད་སྐབས་དང་བླངས་ཞབས་ཞུ་སྒྲུབ་པའི་གནས་ཚུལ་ལ་མཐོང་ཆེན་བྱེད་དགོས།
ཚེ་རིང་སྒྲོལ་མས་བསྒྱུར།