ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་དང་ཐེ་ཝན་མཉམ་འདྲེས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་དེ་ཟི་ལིང་དུ་བསྡུས་པ་དང་། ཐེ་ཝན་ཚོང་བ་དང་ཐེ་ཝན་སྤུན་ཟླ་བརྒྱ་ལྷག་ཚོགས་འདུར་ཞུགས།
འོས་སྦྱོར་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་སོགས་ཀྱི་ཐད་ནས་འོས་སྦྱོར་བྱས་པར་མ་ཟད། ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་ཐེ་ཝན་ཚོང་བ་རྣམས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པར་དགའ་བསུ་ཞུས་པ་དང་། རིམ་པ་སྔར་ལས་མཐོ་ཞིང་ཁྱབ་ཁོངས་སྔར་ལས་ཡངས་སར་མཉམ་ལས་སྤེལ་ནས། མཚོ་སྔོན་དང་ཐེ་ཝན་མཉམ་འདྲེས་འཕེལ་རྒྱས་དེ་སྐས་རིམ་གསར་པར་སླེབས་པར་མཉམ་དུ་སྐུལ་འདེད་བཏང་སྟེ་ཐོད་བརྒལ་གསར་པ་བྱུང་ཡོད།
རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་གཙོ་ལིས་ཀྲིན་ཧུང་གིས་བཤད་རྒྱུར། མཚོ་སྔོན་ལ་མཛེས་སྡུག་ལྡན་པའི་རི་རྒྱུད་དང་། ཕུན་སུམ་ཚོགས་པའི་དག་གཙང་ནུས་ཁུངས་དང་གཏེར་ཐོན་ཐོན་ཁུངས་ཡོད་པས། ཐེ་ཝན་གྱི་ཚོང་བར་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དང་། བདེ་ཐང་། AI ཚ་མཚོའི་རྫས་འགྱུར་བཟོ་ལས། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་སོགས་ཀྱི་ཐད་མཉམ་ལས་བྱེད་པའི་མོས་པ་ཆེན་པོ་ཡོད་ཟེར།
ཞིང་ཆེན་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་དྲག་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། ཐེ་ཝན་སྤུན་ཟླ་དང་ཐེ་ཝན་ཁེ་ལས་དག་སྐམ་སར་རྐང་བཙུགས་ནས་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་ལེགས་པོ་དང་བར་སྟོང་རྒྱ་ཆེན་པོ་བསྐྲུན་ངེས། ཞིང་ཆེན་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་མཚོ་སྔོན་དང་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གནས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།