ཟླ8པའི་ཚེས13ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཉ་འཛིན་པར་བཀག་སྡོམ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས《འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》པར་འགྲེམས་བྱས། ཉ་འཛིན་པར་བཀག་སྡོམ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དང་། དཔྱད་ཞིབ་དངོས་འབེབས་ཀྱི་སྐུལ་འདེད་ལ་ཤུགས་སྣོན་པ། རྒྱུན་མཐུད་ངང་ཉ་འཛིན་པར་བཀག་སྡོམ་བྱེད་པའི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། གཟབ་ནན་གྱི་དོ་དམ་སྲུང་འཛིན་བྱེད་པ། ཁྲིམས་འགལ་གྱིས་ཉ་འཛིན་པའི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ། ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སླར་གསོ་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་ཞིབ་བཤེར་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་སློབ་གསོ་སྤེལ་ནས་དམངས་ཡོངས་ཟབ་ཞུགས་བྱེད་པར་ཁྲིད་སྟོན་བྱེད་པ། རྩ་འཛུགས་འགོ་ཁྲིད་དང་ལག་བསྟར་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་འབྲེལ་ཡོད་བྱ་བ་དང་བྱེད་ཐབས་ལག་བསྟར་བྱས་ཡོད་པ་དང་། འབྲི་ཆུའི་བཞུར་རྒྱུད་ཀྱི་མཚོ་སྔོན་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་བྱ་བ་དངོས་འབེབས་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། འབྲི་ཆུའི་འབབ་རྒྱུད་མཚོ་སྔོན་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་བཏང་།
《བྱེད་ཐབས་བཅུའི》ནང་ཞིང་ཆེན་ཡོངས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ས་གནས་སོ་སོའི་སྲིད་གཞུང་གིས་འགན་འཁྲི་གསལ་བོ་བཟོས་ནས། ནུས་ཤུགས་ཡོད་རྒུས་ཉ་འཛིན་པར་བཀག་སྡོམ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་དང་བྱ་བའི་ཆེད་དོན་འཛིན་གྲྭའི་བྱ་བའི་ལམ་སྲོལ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མུ་མཐུད་དུ་སྣེ་ཁྲིད་དེ་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གསལ་རྟོག་ལྐོག་ཞིབ་དང་མཉམ་འབྲེལ་བརྟག་ཞིབ། ཆེད་དོན་བཀོད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་པར་བཀག་སྡོམ་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་། ཁྲིམས་འགལ་གྱིས་ཉ་འཛིན་པའི་སྣང་ཚུལ་ཡང་ཡང་འབྱུང་བ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནུས་ལྡན་མིན་པ། མངོན་མེད་རྐྱེན་ངན་གནད་དོན་འབུར་ཐོན་ཡིན་པ་བཅས་ཀྱི་ས་ཁུལ་ལ་བརྡ་ཁྱབ་སྤེལ་བ་དང་ཁ་བརྡ་བྱས་ཏེ། མཉམ་འབྲེལ་སྒོ་བྱང་བཀལ་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ལ། ཉ་འཛིན་པར་བཀག་སྡོམ་བྱེད་པའི་བྱ་བ་མུ་མཐུད་དུ་གཟབ་ནན་ངང་ལག་བསྟར་བྱ་རྒྱུ་རེད།
《བྱེད་ཐབས་བཅུ》ཡིས་འབྲེལ་ཡོད་སྡེ་ཁག་བར་འཛིན་བཟུང་བཀག་སྡོམ་ཁྲིམས་འཛིན་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཞུ་གཏུག་ཆ་འཕྲིན་སྟེགས་བུ་ཕན་ཚུན་སྦྲེལ་མཐུད་དང་ཁྲིམས་འཛིན་ཐོན་ཁུངས་མཉམ་སྤྱོད། གྱོད་གཞི་རྩིས་སྤྲོད་བདེ་བླག་བཅས་ཀྱི་ཡུན་ཕན་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།“ཁྲིམས་འགལ་གྱིས་ཆུའི་ཐོན་རྫས་འཛིན་བཟུང”དང“རྩ་ཆེ་ལ་འཇིག་ཉེན་ཡོད་པའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གནོད་འཚེ་གཏོང་བ།”“ཁྲིམས་འགལ་གྱིས་བཟུང་བའི་ཉ་ཉོ་འཚོང་བྱེད་པ”སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། དེ་དང་ཆབས་ཅིག ད་དུང་གཙོ་གནད་སྒོས་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་དང་། རྩ་ཆེ་ལ་འཇིག་ཉེན་ཡོད་པའི་སྐྱེ་དངོས་རིགས་ལ་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་བྱེད་པ། ཉ་རིགས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་འཕེལ་བྱེད་པ། ཆུ་ཁོངས་གསར་སྤེལ་བེད་སྤྱོད་ཚད་ལྡན་དོ་དམ་སོགས་ཀྱི་བྱ་བ་སྤེལ་ནས། མཚོ་སྔོན་ས་ཁོངས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
ཤ་བོ་རིན་མཚོས་བསྒྱུར།