ཟླ8པའི་ཚེས16ཉིན། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་ཤུགས་ཆེན་པོས་རྒྱབ་སྐྱོབ་བྱེད་པའི་ལག་བསྟར་ཞིབ་སྲོལ། མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་བྱེད་པའི་ལག་བསྟར་ཞིབ་སྲོལ་དང་། མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་བྱེད་པར་ཤུགས་སྣོན་པའི་ལག་བསྟར་ཞིབ་སྲོལ་བཅས་ལ་འགྲེལ་བཤད་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་གཏན་འབེབས་བཟོས་པའི་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དེ་ཟླ8པའི་ཚེས15ཉིན་འགྲེམ་སྤེལ་དང་ལག་བསྟར་བྱས་པར་མ་ཟད། དེ་དང་མཉམ་དུ་སྤྱི་ཚོགས་སྟེང་ལ་ཡོངས་བསྒྲགས་བྱས།
གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དེས་རྒྱལ་ཁབ་ཀྱི་བླང་བར་དམིགས་པ་དང་། ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ནས། ཁྱབ་ཁོངས་གཙོ་བོ་གཅིག་སྡུད་བྱས་ཤིང་། དངུལ་གཏོང་རྒྱ་སྐྱེད་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་ཚད་གཞིར་བསྟུན་ལ་ཞིང་ཆེན་རིམ་པས་ཚད་ལྡན་གྱིས་རྒྱ་སྐྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ས་གནས་ཀྱི་སྡེབ་སྒྲིག་བྱེད་ཐབས་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། ལས་རིམ་ཚད་ལྡན་དང་བརྒྱུད་རིམ་སྟབས་བདེ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། གསར་བ་ཅན་གཉིས་ཀྱི་སྲིད་ཇུས་བེད་སྤྱོད་བྱེད་པ་དང་། རྒྱལ་བུན་མ་དངུལ་འདང་ངེས་སྤྱོད་པ། ཞིང་ཆེན་རིམ་པའི་སྡེབ་སྒྲིག་མ་དངུལ་སྔོག་འདོན་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་། རང་ཞིང་གི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་།
སྒྲིག་ཆས་གསར་སྒྱུར་ཕྱོགས་ནས། གཙོ་བོ་བཟོ་ལས་དང་། ནུས་ཁུངས་སྒྲིག་ཆས། ཁོར་ཡུག་རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ་སྐྱེལ་འདྲེན། ནུས་ཁུངས་གློག་ཤུགས། སྡོད་ཁང་གི་གློག་སྐས་རྙིང་བ། སློབ་གསོ་དང་། རིག་གནས་ཡུལ་སྐོར། སྨན་བཅོས། ཞིང་ཆེན་འཕྲུལ་ཆས་ཀྱི་ཁྱབ་ཁོངས་ཆེན་པོ་བཅུ་བཅས་ཀྱི་སྒྲིག་ཆས་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་དེ་མགྱོགས་མྱུར་ངང་རིམ་མཐོ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་རིགས་སྒྱུར་རིམ་སྤོར་བྱས། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་ཕྱོགས་ནས། གཙོ་བོ་རླངས་འཁོར་རྙིང་ཚབ་གསར་བརྗེ་བྱེད་པ་དང་། རླངས་འཁོར་གསར་བ་ཉོ་བ། ཁྱིམ་ཚང་གི་གློག་ཆས་བརྗེ་སྤོར། ཁྱིམ་ཆས་གསར་སྒྱུར་བྱེད་པ། སྤྱོད་ཡུན་རིང་བའི་འཛད་སྤྱོད་དངོས་རྫས་སོགས་ཁྲོམ་རའི་དགོས་མཁོའི་ཚད་ཆེ་ཞིང་། མང་ཚོགས་ཀྱི་དོ་ཁུར་ཚད་མཐོ་བ་དང་། འཛད་སྤྱོད་ཀྱི་སྐུལ་ཁྲིད་རང་བཞིན་དྲག་པའི་དངོས་རྫས་ཀྱི་རིགས་ལ་རྒྱབ་སྐྱོར་བྱས་ཏེ། གསེར་དངུལ་དང་སྤུས་ལེགས་གོང་བདེའི་དངོས་རྫས་དེ་འཛད་སྤྱོད་པར་སྐྱེལ་བར་ཁག་ཐེག་བྱས། ཕྱིར་བསྡུ་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཕྱོགས་ནས། གཙོ་བོ་ཕྱིར་བསྡུ་འཁོར་རྒྱུག་བེད་སྤྱོད་བྱེད་པའི་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། བསྐྱར་སྐྱེ་ཐོན་ཁུངས་རིགས་བགར་རིགས་དབྱེ་དང་། ལས་སྣོན་ཞིབ་མོ། ཡང་བསྐྱར་བེད་སྤྱོད་བཅས་བྱས། ཚད་གཞི་ཇེ་མཐོར་གཏོང་བའི་ཕྱོགས་ནས། གཙོ་བོ་ཚྭ་མཚོའི་ཐོན་ལས་དང་། དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཁྱབ་ཁོངས་གཙོ་བོའི་ཚད་གཞི་གཏན་འཁེལ་བཟོ་བཅོས་བྱས་པར་མ་ཟད། ནུས་གྲོན་ཐཱན་དམའ་དང་། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས། འཁོར་རྒྱུག་བེད་སྤྱོད་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འཁེལ་བཟོ་བར་ཟབ་ཞུགས་བྱས།
མཚོ་སྔོན་ཞིང་ཆེན་གྱི་གསར་བ་ཅན་གཉིས་ཀྱི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིའི་སྒྲོམ་གཞིའི་འོག བཟོ་ལས་ཁྱབ་ཁོངས་དང་། གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་ལག་བསྟར་ཞིབ་སྲོལ་ཕྱིར་བཏོན་པ་དང་། གསར་བ་ཅན་གཉིས་དང1+Nཡི་སྲིད་ཇུས་མ་ལག་འཐུས་ཚང་བཙུགས་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ་དམིགས་ཚད་ལྟར་དངོས་འབེབས་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་སྤེལ་གཏོང་བར་སྟབས་བདེ་བསྐྲུན་ཡོད།
ལྷ་མོ་འཚོས་བསྒྱུར།