མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཅང་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་འབྲེལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་མཉམ་འབྲེལ་གྱི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་བཏང་།
2024.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཅང་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་རྟེན་གཞི་མཉམ་སྐྲུན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་མཉམ་འབྲེལ་གྱི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་བཏང་།

ཐེངས་འདིར་ས་གཉིས་ཀྱི་ཁྲིམས་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ཉམས་གསོ་རྟེན་གཞི་མཉམ་སྐྲུན་བྱེད་པ་ནི། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲི་ཆུའི་བཞུར་རྒྱུད་ཀྱི་ཁྲིམས་ཁང་གིས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་ཁོར་ཡུག་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་འཛུགས་པར་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ནས། འབྲི་ཆུའི་བཞུར་རྒྱུད་ཀྱི་སྤྱི་ཁོག་རང་བཞིན་གྱི་སྲུང་སྐྱོབ་དང་ཆ་ཚང་རང་བཞིན་གྱི་ཉམས་གསོར་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་ཡིན།

རྟེན་གཞི་བཙུགས་རྗེས། འབྲི་ཆུའི་སྟོད་རྒྱུད་ནས་ཡུས་ཧྲུའུ་ཁུལ་ལབ་ཡུལ་ཚོའི་བར་ཁོངས་སུ་མཉམ་སྲུང་ནགས་ཚལ་འཛུགས་པ་གཙོ་བྱས་པའི་ས་ཆུ་སྲུང་འཛིན་ནགས་དང་ཆུ་ཁུངས་བསྐྱིལ་གསོག་ནགས་ཀྱི་སྐྱེ་ཁམས་ཉམས་གསོ་མ་ལག་བཙུགས་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་འབྲི་ཆུའི་བཞུར་རྒྱུད་ཀྱི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་ཆོད་ས་ཁུལ་དུ། ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོག་མ་ལག་བཙུགས་ཏེ། རྟེན་གཞིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་གསོའི་རྨང་གཞི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ། རྟེན་གཞིས་ད་དུང་དཔེར་བརྟེན་ཁྲིམས་འགྲེལ་དང་སློབ་གསོའི་སྣེ་ཁྲིད། དྲིལ་སྒྲོག་དཔེ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཚོགས་ཀྱི་མི་ཡོངས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ་དང་རང་བྱུང་ཁམས་དང་བསྟུན་པ། ཁྲིམས་ལྟར་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།