ཟི་ལིང་གྲོང་ཁྱེར་གྱི་སྡེ་ཁག་མང་པོ་མཉམ་འབྲེལ་གྱིས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཐོན་ལས་ཕྲེང་སྦྲེལ་བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་བདེ་འཇགས་ལ་ཆེད་དོན་དག་ཐེར་ལེགས་བཅོས་བྱས།
2024.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ8པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མེ་འགོག་མེ་གསོད་རྒུད་སྐྱོབ་ཡན་ལག་རུ་ཁག་གིས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་ཕྱེད་རིང་གི་མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཐོན་ལས་ཕྲེང་སྦྲེལ་བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་བདེ་འཇགས་ལ་ཆེད་དོན་དག་ཐེར་ལེགས་བཅོས་བྱེད་པའི་འགུལ་སྐྱོད་སྤེལ།

ཐེངས་འདིའི་ཆེད་དོན་དག་ཐེར་ལེགས་བཅོས་བྱ་ཡུལ་ནི2022ལོར་བཟོ་བཅོས་བརྒྱབ་པའི་མེ་འགོག་མེ་གསོད་ཐོན་རྫས་དཀར་ཆག་ཁྲོད་ཀྱི་འཛུགས་སྐྲུན་གྱི་མེ་འགོག་མེ་གསོད་སྒྲིག་ཆས་རིགས་དང་མེ་འགོག་མེ་གསོད་རྒུད་སྐྱོབ་སྒྲིག་བཀོད་རིགས་ཀྱི་ཐོན་རྫས་ཡིན་ལ། འབར་སླ་བའི་རླངས་གཟུགས་འཚོལ་ཞིབ་བྱེད་ཆས་དང་། སྒེར་ཚུགས་རྣམ་པའི་དུ་ཚོར་མེ་སྐྱོན་འཚོལ་ཞིབ་ཉེན་གཏོང་སྒྲིག་ཆས། ལག་ཁྱེར་རྣམ་པའི་མེ་འགོག་མེ་གསོད་སྒྲིག་ཆས། མེ་འགོག་མེ་གསོད་འཕྲལ་བསྟུན་འོད་འགྱེད་གློག་ཆས། ཐིམ་སིམ་རྣམ་པའི་མེ་འགོག་མེ་གསོད་རང་སྐྱོབ་དབུགས་ལེན་སྒྲིག་ཆས་སོགས་བཙན་ཤེད་རང་བཞིན་གྱིས་དཔང་དངོས་ར་སྤྲོད་བྱེད་པའི་མེ་འགོག་མེ་གསོད་ཐོན་རྫས་རིགས་ལྔ་དང་། དེ་མིན་ཆུ་གཏོར་འཚག་ཁུང་དང་། ཁང་བའི་ནང་གི་མེ་གསོད་ཆུ་སྒོ། མེ་འགོག་མེ་གསོད་ཀྱི་ཕྱོགས་རྐྱང་བའི་སྟེམ་སྒོ། མེ་འགོག་སྒོ་དང་མེ་འགོག་ཤེལ་སྒོ། མེ་འགོག་གདན། མེ་འགོག་མེ་གསོད་ཀྱི་ཕྱོགས་རྐྱང་སྟེམ་སྒོའི་སྒམ། མེ་འགོག་མེ་གསོད་ཆུ་སྦུག་སོགས་རང་འཐད་རང་བཞིན་གྱིས་དཔང་དངོས་ར་སྤྲོད་བྱེད་པའི་མེ་འགོག་མེ་གསོད་ཐོན་རྫས་རིགས་བརྒྱད་བཅས་ཚུད་ཅིང་། ཁྱོན་བསྡོམས་རིགས་བཅུ་གསུམ་ཡོད་ལ། ཐོན་སྐྱེད་དང་འཁོར་རྒྱུག བེད་སྤྱོད་བཅས་ཀྱི་རིམ་པ་སོ་སོའི་ཁྱབ་ཁོངས་གཙོ་བོར་ཁེབས་ཡོད་ལ། གཙོ་བོ་གབ་སྦས་རང་བཞིན་དྲག་མོད། ཁེབས་ཚད་རྒྱ་ཆེ་ཞིང་གནོད་འཚེ་ཐེབས་ཚད་ཆེ་བའི་གནད་དོན་རིགས་སྣ་ཚོགས་ཡོ་བསྲང་བཅོས་སྐྱོང་བྱས།

ཆེད་དོན་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་སྟེང་གསལ་ཐོ་རྣམ་པའི་གྲལ་བཤེར་དང་། ཁེ་ལས་ཀྱིས་རང་བཤེར་རང་བཅོས། བཀག་སྡོམ་རྣམ་པའི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁུལ་ཁོངས་ཀྱི་མེ་འགོག་མེ་གསོད་ཐོན་རྫས་ཕྱིར་འཚོང་ཁེ་ལས་དང་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་གཞུང་སར་ཐོ་འགོད་བྱས་པའི་མེ་འགོག་མེ་གསོད་ཐོན་རྫས་ཕྱིར་འཚོང་ཁེ་ལས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཤིང་། རིགས་དབྱེ་ནས་རྩིས་ཐོ་གསར་འགོད་བྱས་པར་མ་ཟད་ཁྲིམས་ལྟར་ལྟ་རྟོག་ཞིབ་བཤེར་བྱས་པ་དང་། མེ་འགོག་མེ་གསོད་ཐོན་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པའི་ལས་ཁུངས་ཀྱིས་རང་ཉིད་འཆུན་འདོམས་དང་། རང་ཉིད་ཚོད་འཛིན། རང་ཉིད་འཐུས་ཚང་གཏོང་བ་བཅས་ཀྱི་ནང་གནས་རྐྱེན་སྲོལ་འཛུགས་པར་ལྟ་སྐུལ་བྱས་ཏེ། སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོའི་འདུ་ཤེས་མཐོར་འདེགས་བཏང་བ་དང་། ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཉེན་ཁའི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ཞིང་། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ལ། བེད་སྤྱོད་ཁྱབ་ཁོངས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། དཔང་དངོས་ར་སྤྲོད་ལས་ཁུངས་དང་ཚད་ལེན་ལས་ཁུངས་ཀྱི་ལས་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་བཏང་ཞིང་། ཕྱོགས་ཡོངས་ནས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྱབ་ཁོངས་ཡོངས་ཀྱི་ཉེན་ཁ་སྔོན་འགོག་བྱེད་ཐབས་དངོས་འབེབས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་ཐབས་བྱས་པ་དང་། ཁྲིམས་འགལ་བྱ་སྤྱོད་སྐོར་ཞིག་ཞིབ་བཤེར་ཐག་གཅོད་བྱས་ལ། ཉེས་འགལ་གྱོད་དོན་སྐོར་ཞིག་མྱུལ་ཞིབ་བྱས་ཤིང་། དཔེ་མཚོན་གྱོད་གཞི་སྐོར་ཞིག་ཁྱབ་བསྒྲགས་བྱས།

ལྷ་མོ་འཚོས་བསྒྱུར།