ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྩྭ་སའི་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩྭ་ས་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་སློབ་ཆེན། ནང་སོག་ལན་ཅིན་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་འཁྱག་ཁུལ་སྐྱེ་ཁམས་སླར་གསོ་རིག་པའི་ཚོད་ལྟ་ཁང་གཙོ་བོ་བཅས་ཀྱིས་རོགས་སྒྲུབ་བྱས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ཀྱི་རིག་གཞུང་བརྗེ་རེས་གྲོས་ཚོགས་སྐབས་དང་པོ་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་གཅིག་སྡུད་བྱས་ནས། མདོ་དབུས་མཐོ་སྒང་གི་རྩྭ་ས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ལས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་རིག་གནས་པ། ལས་རིགས་དང་ཁེ་ལས་ཀྱི་འཐུས་ཚབ། ཞིབ་འཇུག་སློབ་མ་སོགས་མི་བརྒྱ་དང་སུམ་ཅུ་ལྷག་གྲོས་ཚོགས་ལ་ཞུགས།
དུས་ཡུན་ཉིན་གཉིས་རིང་གི་གྲོས་ཚོགས་སྟེང་། ཆེད་མཁས་པ་དང་རིག་གནས་པ་བརྒྱ་ལྷག་མཉམ་དུ་འཛོམས་ནས། བགྲོ་གླེང་ཟབ་མོ་བྱས། ཀྲོ་ཞིན་ཆོན་དང་མཱ་ཡུས་ཧྲོའུ། ཝང་ཆི། ཝང་ཅིན་ལུང་སོགས་ཆེད་མཁས་པ་དང་རིག་གནས་པ་དགུ་ཡིས་མདོ་དབུས་མཐོ་སྒང་གི་རྩྭ་སའི་རྩོལ་ནུས་བར་སྟོང་ལེགས་སྒྱུར་ཆ་སྡེབས་དང་མཐོར་འདེགས་ལག་ལེན་དང་། མདོ་དབུས་མཐོ་སྒང་གི་ས་ནག་ཐང་གི་ཞན་འགྱུར་རྩྭ་སའི་སྐྱེ་ཁམས་སླར་གསོའི་ལག་རྩལ་དང་དཔེ་སྟོན་བེད་སྤྱོད། བོད་ལྗོངས་རྩྭ་ལས་འཕེལ་རྒྱས་ཀྱི་གནས་བབ་སོགས་ཕྱོགས་ནས་ཤེས་བྱ་གསར་བ་དང་ལྟ་བ་གསར་བ། གྲུབ་འབྲས་གསར་བ་མཉམ་དུ་ལོངས་སྤྱོད་རོལ་མྱོང་བྱས། ཚན་རིག་ཞིབ་འཇུག་སློབ་གླིང་དང་རྩྭ་སའི་ལག་རྩལ་ཁྱབ་གདལ་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ནས་ཡོང་བའི་ཆེད་ལས་མི་སྣ་ཉེར་ལྔས་བརྗེ་རེས་ཟབ་མོ་བྱས་ཏེ། ཚོགས་ཞུགས་པར་སྐུལ་མ་ཆེན་པོ་ཐེབས་པར་བྱས།
མཚོ་སྔོན་དང་བོད་ལྗོངས་ཀྱི་རྩྭ་སའི་ལས་རིགས་ཀྱི་ཆེད་མཁས་པ་དང་རིག་གནས་པས་ཐེངས་འདིའི་གྲོས་ཚོགས་བརྒྱུད་དེ། ཐོག་མར་མཉམ་དུ་འཛོམས་ནས་མདོ་དབུས་མཐོ་སྒང་གི་རྩྭ་སའི་སྲུང་སྐྱོབ་ཀྱི་སྤྱི་ཡོངས་ལ་ཇུས་ཆོད་མཉམ་འགོད་བྱས་པ་དང་། མདོ་དབུས་མཐོ་སྒང་གི་རྩྭ་ས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་སྡུར་བྱས་ལ། མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས། གྲོས་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་རྩྭ་ས་སྲུང་སྐྱོབ་དང་འཕེལ་རྒྱས་ཐད་འགོ་ཚུགས་ས་མཐོ་བ་དང་གཞི་ཁྱོན་ཆེ་བ། ཁྱབ་ཁོངས་མང་པའི་རིག་གཞུང་བརྗེ་རེས་སྟེགས་བུ་འདོན་སྤྲོད་བྱས་ནས། མཚོ་སྔོན་དང་བོད་ལྗོངས་ཀྱི་ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་མཉམ་ལས་དང་བརྗེ་རེས་ཐད་ནས་འགོ་བཟང་བོ་ཞིག་རྩོམ་པར་སྐུལ་འདེད་བཏང་། ཚོགས་ཐོག་ནས་ཐུན་མོང་གི་ལྟ་བ་བྱུང་བ་སྟེ། ཞིང་ཆེན་ལྔའི་བོད་ཁུལ་གྱི་རྩྭ་སའི་སློབ་ཚོགས་མནའ་འབྲེལ་འཛུགས་པའི་བྱ་བའི་ཐད་ནས་གྲོས་སྡུར་བྱས་པ་དང་། བོད་ལྗོངས་རྩྭ་སའི་སློབ་ཚོགས་ཀྱི་ལས་འཛིན་དཔོན་པོ་ཝང་ཅིན་ལུང་གིས་སློབ་ཚོགས་ཀྱི་ཚབ་བྱས་ནས་ཚང་མར་གདན་ཞུའི་རེ་བ་བཏོན་པ་མ་ཟད། སྐབས་རྗེས་མའི་མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་བྱ་བའི་གྲོས་ཚོགས་བོད་ལྗོངས་སུ་བསྡུ་རྒྱུའི་གྲོས་གཞི་བཏོན།
རིན་ཆེན་མཚོས་བསྒྱུར།