མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་སྒོས་རྒན་གསོའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་།
2024.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཆེད་དོན་སྒྲོག་སྤེལ་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དམངས་སྲིད་སྡེ་ཁག་གིས་ཐབས་མང་མཉམ་སྤྱོད་ཀྱིས་ལོ་ལོན་རྒན་པའི་འཚོ་བའི་སྤུས་ཚད་དང་ཕན་བདེར་ཁག་ཐེག་བྱས་ནས། ལོ་ལོན་ཚོར་རྒས་ན་གཉོར་མཁན་ཡོད་པ་དང་རྒས་ན་བརྟེན་ས་ཡོད་པར་བྱས།

ད་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུན་མཐུད་ངང་རྒན་གསོ་ཞབས་ཞུ་དེ་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པའི་ལས་གཞིའི་ཁྲོད་བཞག་པ་དང་། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་མ་དངུལ་སྒོར་ས་ཡ་བརྒྱད་གྲབས་གསོག་བྱས་ནས། བཟའ་བཏུང་རོགས་སྐྱོར་དང་ཉིན་དཀར་གཟིགས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་རྩོལ་ནུས་ལྡན་པའི་ཞིང་སྡེའི་རོགས་རེས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་བརྒྱ་གསར་འཛུགས་བསྒྱུར་བཀོད་བྱས་ཏེ། རོང་འབྲོག་ཁུལ་གྱི་ལོ་ལོན་སྔར་ལས་མང་པོས་སྟབས་བདེ་དང་ཕུན་སུམ་ཚོགས་པའི་རྒན་གསོའི་ཞབས་ཞུ་སྔར་ལས་མང་པོ་ལོངས་སྤྱོད་བྱེད་ཐུབ་པར་བྱས། མ་དངུལ་སྒོར་ས་ཡ་དགུ་དང་འབུམ་བདུན་ཁྲི་བདུན་བཏང་ནས་ཧ་ཅང་དབུལ་ཕོངས་ཡིན་པ་དང་མ་མཐའི་འཚོ་བའི་འགན་སྲུང་དང་། ཡོང་སྒོ་དམའ་བའི་ཁྱབ་ཁོངས་སུ་ཚུད་པའི་ལོ་ན་མཐོ་བ་དང་ནུས་པ་མེད་པ། དབང་བོ་སྐྱོན་ཅན་གྱི་ལོ་ལོན་རྒན་པའི་ཁྱིམ་ཚང་སྟོང་གཅིག་དང་དགུ་བརྒྱ་ང་བཞིར་རྒན་འཚམ་བསྒྱུར་བཀོད་བྱས་ནས། ལུས་འཁྲུད་དང་གསང་སྤྱོད་བདེ་འཇགས་དང་ཁང་བའི་ནང་གི་འགྲོ་འདུག་སྟབས་བདེ་རུ་བསྒྱུར་བ། ཁྱིམ་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། རིག་ནུས་ལྟ་ཞིབ་རྗེས་འདེད་དང་ རོགས་འདེགས་ཡོ་བྱད་བཀོད་སྒྲིག་སོགས་ཀྱི་དམིགས་འབེན་མངོན་འགྱུར་བྱས། དེ་དང་མཉམ་དུ། མཚོ་འཕང་མཐོ་བའི་ས་ཁུལ་གྱི་རྒན་གསོ་ལས་ཁུངས་ཀྱིས་དབྱང་བཟོ་སྒྲིག་ཆས་མངོན་སུམ་དགོས་མཁོར་ཁ་གཏད་དེ། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་བཏང་ནས་མཚོ་འཕང་མཐོ་བའི་ས་ཁུལ་གྱི་རྒན་གསོ་ལས་ཁུངས་ལ་དབྱང་བཟོ་སྒྲིག་ཆས་བཞི་བརྒྱ་དང་སུམ་ཅུ་སྡེབས་སྒྲིག་བྱས་ནས། མཚོ་འཕང་མཐོ་བའི་ས་ཁུལ་གྱི་རྒན་གསོ་ལས་ཁུངས་ཀྱི་དབྱང་བཟོ་སྒྲིག་ཆས་ཡོངས་སུ་ཁེབས་པར་བྱས།

ད་ལོར། མཚོ་སྔོན་དམངས་སྲིད་སྡེ་ཁག་གིས་མུ་མཐུད་དུ་རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་བ་སྤེལ་ནས། ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་ནད་གཡོག་རིགས་ཀྱི་ཉལ་ཁྲིའི་ཟིན་ཚད་བརྒྱ་ཆའི་རེ་གཉིས་སུ་བསླེབ་པར་བྱེད་རྒྱུ་རེད། 2026ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཁེབས་ཚད་བརྒྱ་ཆའི་བརྒྱ་རུ་བསླེབ་པར་བྱེད་པ་དང་། རྒན་གསོ་ལས་ཁུངས་ཀྱི་ནད་གཡོག་རིགས་ཀྱི་ཉལ་ཁྲིའི་ཟིན་ཚད་བརྒྱ་ཆའི་བདུན་ཅུ་རུ་བསླེབ་པར་བྱེད་པ་དང་། གྲོང་གསེབ་སྲུང་ལམ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཁེབས་ཚད་བརྒྱ་ཆའི་ལྔ་བཅུ་རུ་བསླེབ་པར་བྱེད་རྒྱུའི་འཆར་གཞི་ཡོད། དེ་དང་མཉམ་དུ། རོང་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་འཚོལ་ཞིབ་དང་གཏན་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་ལ་རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། རྒན་གསོ་ཞབས་ཞུ་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་གྲོང་གསེབ་སྦྲེལ་མཐུད་ཀྱི་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་དྲ་རྒྱ་རྒྱུན་མཐུད་ངང་བཙུགས་པ་མ་ཟད་འཐུས་ཚང་དུ་བཏང་། ད་ལོར་སྒོར་བྱེ་བ་བདུན་བཏང་སྟེ། རྒན་གསོའི་རྨང་གཞི་སྒྲིག་ཆས་གསར་འཛུགས་བསྒྱུར་བཀོད་བྱེད་པའི་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་། རོང་འབྲོག་ཁུལ་གྱི་རྒན་གསོ་ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

དེ་དང་མཉམ་དུ། གཞིས་ཁུལ་གྱི་ལོ་ལོན་རྒན་པའི་ཟ་ཁང་བསྒྱུར་བཀོད་དང་གསར་འཛུགས་བྱ་བར་སྔར་ལས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཁུལ་གྱི་ལོ་ལོན་རྒན་པའི་བཟང་བཏུང་རོགས་སྐྱོར་ཞབས་ཞུའི་ཕན་ཡོད་ལམ་བུ་འཚོལ་ཞིབ་བྱས་ལ། ས་ཆ་སོ་སོ་རུ་གཞིས་ཁུལ་གྱི་ལོ་ལོན་རྒན་པའི་བཟའ་བཏུང་རོགས་སྐྱོར་བྱེད་ས་འཛུགས་པར་སྐུལ་སློང་བཏང་བ་དང་། མཁོ་འདོན་མཉམ་གསབ་ཀྱི་བསམ་ཕྱོགས་ལྟར། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལོ་ལོན་རྒན་པའི་བཟའ་བཏུང་རོགས་སྐྱོར་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ལ། སྣ་མང་དངུལ་གསོག་རྐྱེན་སྲོལ་བཙུགས་ཏེ། རོང་འབྲོག་ཁུལ་གྱི་ལོ་ལོན་རྒན་པའི་བཟའ་བཏུང་རོགས་སྐྱོར་ཞབས་ཞུ་ལ་ཤུགས་བསྣན། ད་དུང་སྨན་གསོ་མཉམ་བསྲེས་འཕེལ་རྒྱས་དང་རྒན་པའི་གཟིགས་སྐྱོང་ཞབས་ཞུ། རྒན་གསོ་ཞབས་ཞུའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་དང་རྒན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་བཏོན་ནས། སྟོབས་ཤུགས་ཡོད་རྒུས་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།