ཟླ8པའི་ཚེས16ཉིན། ཟི་ལིང་གི་མཐོ་རིམ་རྩིས་ནུས་ཀྱི་འཇོན་མི་བརྗེ་རེས་མཉམ་ལས་ཚོགས་འདུ་དེ་མཁར་ནུབ་ཆུས་ནས་བསྡུས། ཚོགས་འདུའི་སྟེང་། ཟི་ལིང་གི་རྩིས་ནུས་འཇོན་མིའི་ཞབས་ཞུའི་ས་ཚིགས་དང་ཟི་ལིང་གི་རྩིས་ནུས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ་བ་དང་། ཟི་ལིང་གི་མཐོ་རིམ་རྩིས་ནུས་ཀྱི་ཆེད་ལས་འཇོན་མིའི་མཛོད་སྒྲོག་སྤེལ་བྱས་ཏེ། ཁུ་ནུའི་རྩིས་ནུས་མནའ་འབྲེལ་བཙུགས་པར་མ་ཟད་མཉམ་ལས་ལས་གཞི་གཙོ་བོ་བཞིར་མིང་རྟགས་བཀོད།
ཟི་ལིང་གི་མཐོ་རིམ་རྩིས་ནུས་ཀྱི་འཇོན་མི་བརྗེ་རེས་མཉམ་ལས་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་། མཁར་ནུབ་ཆུས་ཏང་ཨུ། མཁར་ནུབ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་ཀྱི་ཞིབ་འཇུག་ཁང་གྲགས་ཅན་དང་། རྒྱལ་ནང་རྩིས་ནུས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས། དེ་མིན་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་སོགས་ལས་ཁུངས་ལྔ་བཅུ་ལྷག་ཟབ་ཞུགས་བྱེད་པར་གདན་ཞུ་བྱས་ནས། འཇོན་མི་ཁུ་ནུར་འཛོམས་ཤིང་མ་འོངས་པར་རིག་ནུས་མཉམ་སྤྱོད་བྱེད་ཅེས་པ་བརྗོད་དོན་བྱས་ཏེ། འཇོན་མིས་སྟོབས་ནུས་སྦྱིན་ཏེ་རྩིས་ནུས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་བར་མཉམ་དུ་བགྲོ་གླེང་བྱས། ཡུལ་དངོས་ནས་སྒྲོག་སྤེལ་བྱས་པའི་ཟི་ལིང་གི་མཐོ་རིམ་རྩིས་ནུས་ཀྱི་ཆེད་ལས་འཇོན་མིའི་མཛོད་ཀྱིས་མིའི་བཟོས་རིག་ནུས་དང་། གཞི་གྲངས་ཆེན་མོ། སྤྲིན་རྩིས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཐོ་རིམ་འཇོན་མི་སུམ་ཅུ་ལྷག་གཅིག་ཏུ་བསྡུས་ཡོད། མིང་རྟགས་བཀོད་པའི་མཉམ་ལས་ལས་གཞིར་གཙོ་བོར་རྩིས་ནུས་ཀྱི་འཇོན་མི་བསྡུ་འགུག་སྐྱེད་སྲིང་དང་། གཞི་གྲངས་སྒྲིག་འཛུགས་ཀྱི་རྩིས་ནུས་བེད་སྤྱོད་རྣམ་པ། རྩིས་ནུས་ཐོན་ལས་གསོ་སྐྱོང་དང་ཐོན་ལས་ཀྱི་འཇོན་མི་སྐྱེད་སྲིང་། རྩིས་ནུས་ཐོན་ལས་ཀྱི་སྐྱེ་ཁམས་མཉམ་ལས་སོགས་ཚུད་ཡོད།
ཚོགས་འདུའི་སྟེང་། སའེ་ཏིས་དང་། པེ་ཅིང་ཆིན་ཡཱོན། པེ་ཅིང་ཧྲིན་ཀྲི་སོགས་ཆེད་ལས་མཁས་པ་ཉི་ཤུ་ལྷག་གིས་ཚོགས་འདུའི་བརྗོད་དོན་ལ་གཞིགས་ནས་སྒོར་ལྕོག་ཁ་བརྡ་བྱས་པ་དང་། འཇོན་མིས་རྩིས་ནུས་དང་གཞི་གྲངས་དཔལ་འབྱོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ནུས་སྦྱིན་པར་མཉམ་དུ་ཁ་བརྡ་བྱས་ཏེ། འཇོན་མི་དང་རྩིས་ནུས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིངས།
ལྷ་མོ་འཚོས་བསྒྱུར།