​མཚོ་སྔོན་ཞིང་ཆེན་གསར་འགྱུར་འཐབ་ཕྱོགས་ཀྱི་གསར་འགོད་པ་བཟང་པོས་གཏམ་རྒྱུད་བཟང་པོ་འཆད་ཅེས་པའི་གཏམ་བཤད་འགྲན་སྡུར་སྐབས་བཅུ་གཅིག་པ་སྤེལ།
2024.08.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཟླ8པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་ཀྱིས་ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གསར་འགྱུར་འཐབ་ཕྱོགས་ཀྱི་གསར་འགོད་པ་བཟང་པོས་གཏམ་རྒྱུད་བཟང་པོ་འཆད་ཅེས་པའི་གཏམ་བཤད་འགྲན་སྡུར་སྐབས་བཅུ་གཅིག་པ་སྤེལ། 

ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ནས་ཡོང་བའི་འགྲན་ཞུགས་པ་ཉེར་ལྔ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་བཏོན་པའི་རྒྱས་བཤད་གལ་ཆེན་ལ་དམིགས་ཤིང་། མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་གཅིག་སྡུད་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱས་པ་དང་། ཤུགས་བཞི་ལག་བསྟར་བྱས་ཏེ་བཅར་འདྲིའི་ལག་ལེན་ཁྲོད་ཀྱི་བསམ་ཚུལ་དང་ཟུང་འབྲེལ་བྱས་ནས། བརྩེ་བའི་ཉམས་ཀྱིས་དངོས་བརྒྱུད་གཏམ་རྒྱུད་དང་བཅར་འདྲིའི་བརྒྱུད་རིམ་བཤད་ཅིང་། སེམས་ཀྱི་ཚོར་འདུ་གླེང་བ་དང་། ཆུང་སྟོན་ཆེ་མཐོང་གིས་བརྗོད་དོན་མཚོན་པར་བྱས་ལ། ཟུར་མི་འདྲ་བ་ནས་དུས་རབས་གསར་བའི་རླབས་ཆེན་ལག་ལེན་དང་རླབས་ཆེན་འཕོ་འགྱུར་དྲིལ་སྒྲོག་བྱས་ཏེ། རང་ཞིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་མཚོན་ཞིང་། རང་ཞིང་གི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཏང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་བཅངས་པ་མཚོན་པ་དང་། གསར་འགྱུར་ལས་བྱེད་པའི་གཟི་བརྗིད་ལས་འགན་དང་འགན་འཁྲི་ཁག་ཁུར་གསལ་འགྲེལ་བྱས་ཡོད།

ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་དང་པོ་ལྔ་དང་། ཨང་གཉིས་པ་བརྒྱད། ཨང་གསུམ་པ་བཅུ་གཉིས་འདེམས་པ་དང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་ཁུངས་སོ་སོར་ཕྱོགས་ནས་བརྒྱུད་རིམ་ཧྲིལ་བོ་ཐད་གཏོང་བྱས་ཏེ། སློབ་གསོ་ཐེབས་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་ཡོད།

ལྷ་མོ་འཚོས་བསྒྱུར།