རྒྱལ་ཡོངས་བོད་ལུགས་གསོ་རིག་གི་རུས་རྨའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཞིན་ཧེ་རྫོང་དུ་བསྡུས།
2024.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ8པའི་ཚེས17ཉིན་ནས་ཚེས18ཉིན་བར། རྒྱལ་ཡོངས་བོད་ལུགས་གསོ་རིག་རུས་རྨའི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དམིགས་འབེན་ནི་ཆེས་གསར་བའི་ཞིབ་འཇུག་གྲུབ་འབྲས་བརྗེ་རེས་བྱེད་པ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་རྩ་ཆེན་མཉམ་སྤྱོད་བྱེད་པ། བསླབ་ཚན་འཕེལ་རྒྱས་ཀྱི་མདུན་གྲས་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་དེ་ཡིན་ལ། བོད་འབྲེལ་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་གྱ་གཅིག་ནས་ཡོང་བའི་རིག་གནས་པ216དང་པེ་ཅིང་དང་ཅང་ཞི། ཧུའུ་ནན། ཡུན་ནན་སོགས་ས་ཆ་ནས་ཡོང་བའི་ཆེད་མཁས་པ་དགུ་ཚོགས་འདུར་ཞུགས།

བགྲོ་གླེང་ཚོགས་འདུ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས། ཚོགས་ཐོག་ཏུ། ཞིན་ཧེ་རྫོང་བོད་སྨན་ཁང་དང་ཞིང་ཆེན་ཕྱི་ནང་གི་བོད་སྨན་ཁང་སྐོར་ཞིག་གིས་རུས་རྨའི་ཚན་ཁག་མནའ་འབྲེལ་གྱི་གྲོས་མཐུན་བཀོད་པ་དང་། ཞིང་ཆེན་ཕྱི་ནང་གི་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་གི་རུས་རྨའི་ཆེད་མཁས་པ་ཚོས་བོད་ལུགས་གསོ་རིག་གི་རུས་རྨའི་ལོ་རྒྱུས་དང་གཞུང་ལུགས་མ་ལག ནད་དཔྱད་བྱེད་ཐབས། བརྟག་བཅོས་ལག་རྩལ་སོགས་ཕྱོགས་ནས་བརྗོད་དོན་སྙན་ཞུ་ཕུལ་བ་མ་ཟད། བོད་ལུགས་གསོ་རིག་རུས་རྨའི་རྨང་གཞི་ཞིབ་འཇུག་དང་ནད་ཐོག་བཀོལ་སྤྱོད། བདེ་སྲུང་སྨན་བཅོས་སོགས་གླེང་གཞི་མང་པོར་དམིགས་ནས་བརྗེ་རེས་དང་བགྲོ་གླེང་བྱས་ནས། རང་སོ་སོའི་ཞིབ་འཇུག་གྲུབ་འབྲས་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུས། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་རུས་རྨའི་ཁྱབ་ཁོངས་ཀྱི་རིག་གཞུང་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་པ་དང་། བོད་ལུགས་གསོ་རིག་གི་རུས་རྨ་རིག་པའི་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་གི་རུས་རྨའི་ལས་དོན་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

རིན་ཆེན་མཚོས་བསྒྱུར།