ད་ལོར། མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཤེས་བྱའི་ཐོན་དབང་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཞིབ་བཤེར་དཔྱད་ཞིབ་བྱ་བས་སྣེ་ཁྲིད་དེ། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བའི་གཙོ་གནད་དང་ལས་འགན་ཁག་བགོས་དང་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཞིབ་བཤེར་དཔྱད་ཞིབ་བྱ་བའི་ཕྱིར་ལྡོག་གནད་དོན་དག་ཐེར་ཇུས་གཞི་དམིགས་སུ་བཟུང་ནས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བའི་ཁོངས་གཏོགས་འགན་འཁྲི་དངོས་འབེབས་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་ཐབས་མང་མཉམ་སྤྱོད་བྱས་ཤིང་། བྱ་བ་ཁག་སོ་སོ་དངོས་འབེབས་ཞིབ་ཚགས་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན་འཕེལ་རིམ་ལེགས་པོ་དང་གྲུབ་འབྲས་མངོན་གསལ་བླངས།
མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཆེད་ཁེ་ཁྱབ་ཁོངས་ཀྱི་སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག་གི་འཐེན་བཤེར་ཞིབ་བཤེར་བྱ་བ་སྤེལ་ཏེ། གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཆེད་ཁེ་དབང་འཛུལ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཆེད་ཁེ་རྫུན་བཟོ་དང་ཆེད་ཁེའི་མཚོན་རྟགས་ཚད་ལྡན་མིན་པར་ཆེད་དོན་ཁྲིམས་བསྟར་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ། མིག་སྔའི་བར་དུ། ཁྲིམས་བསྟར་པ་མི་ཐེངས་ལྔ་སྟོང་ལྷག་གིས་བདག་གཉེར་གཙོ་གཞི་ཉིས་སྟོང་ལྷག་ལ་ཞིབ་བཤེར་བྱས། དམངས་ཚིས་གནད་དོན་ཚ་ཤོས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། ཟི་ལིང་གྲོང་ཁྱེར་གྱིས་རྫུན་བཟོ་དང་དབང་འཛུལ་གནད་དོན་འབྱུང་སླ་ཞིང་བྱུང་ཐེངས་མང་བའི་ཚོང་རྫས་ཆུང་གྲས་སྡེབ་ཚོང་ཁྲོམ་རར་ཁ་གཏད་ནས་ཆེད་དོན་ཁྲིམས་བསྟར་བྱ་བ་སྤེལ།
ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཆེད་ཁེ་རྫུན་བཟོའི་གྱོན་དོན་དྲུག་དང་། ཆེད་ཁེའི་མཚོན་རྟགས་ཚད་ལྡན་མིན་པའི་གྱོན་དོན་བརྒྱད་བསྒྲུབས་པ་དང་། དེ་དུས་མཉམ་ལས་སོ་སོར་བརྒྱ་ཆའི་བརྒྱ་དང་བརྒྱ་ཆའི་བརྒྱ་དང་རེ་བདུན་འཕར། གྲོང་ཁྱེར་དང་ཁུལ་སོ་སོས་ཤེས་བྱའི་ཐོན་དབང་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤེས་བྱའི་ཐོན་དབང་གི་དྲ་ལམ་གཏུག་བཤེར་སྙོམ་སྒྲིག་སྦྲེལ་མཐུད་རྐྱེན་སྲོལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། ལོ་སྟོད་དུ་ཤེས་བྱའི་ཐོན་དབང་རྩོད་གཞིའི་གྱོད་གཞི་ང་བཞི་བསྒྲུབས་པ་དང་དེ་ད་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉིས་བརྒྱ་འཕར།
རིག་འཛིན་སྒྲོལ་མས་བསྒྱུར།