མཚོ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་སྣ20ཞང་ཀང་ཟས་མཆོག་འགྲེམ་སྟོན་འདུ་ཚོགས་སྟེང་བཀྲམ།
2024.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། སྐབས34པའི་ཀྲུང་གོའི་ཞང་ཀང་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་འདུ་ཚོགས་ཞང་ཀང་རྒྱལ་སྤྱིའི་ཚོགས་འདུ་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས14ཡིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས20འཁྱེར་ནས་ཐེངས་འདིའི་འགྲེམས་སྟོན་ལ་ཞུགས།

ཀྲུང་གོའི་ཞང་ཀང་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་འདུ་ཚོགས་དེ1989ལོར་གཉེར་བ་ནས་བཟུང་ལོ་རེར་འཛམ་གླིང་ས་གནས་སོ་སོའི་རྒྱལ་སྤྱིའི་བཟའ་བཏུང་དང་།    སིལ་འཚོང་ཚོང་པ།    བཟའ་བཅའི་ཁེ་ལས་བཅས་འཚང་ཁ་ཤིག་ཤིག་ངང་ཡོང་བཞིན་པ་དེ་ནི་སྐམ་སའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཞང་ཀང་ཁྲོམ་རར་ཞུགས་པ་མ་ཟད་འཛམ་གླིང་ཐོག་བསྐྱོད་པའི་སྟེགས་བུ་གལ་ཆེན་ཞིག་རེད།     ཐེངས་འདིའི་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་འདུ་ཚོགས་ཀྱི་སྐབས་སུ། མཚོ་ལྷོ་ཁུལ་གྱི་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་ལུང་དབྱང་ཀྲི་ཞན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་སི་དང་།    མཚོ་བོད་ཚོ་པའི་རོང་འབྲོག་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི།    མཚོ་སྔོན་མཚོ་བོད་ཧྭ་ཧྥིན་ཀྲུང་ཧྥིན་སྦྲང་རྩི་ལས་རིགས་ཚད་ཡོད་ཀུང་སི།    མཚོ་སྔོན་མོག་རུ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི།    ཀོས་ནན་གཙང་གསུམ་ཁྲུན་ནུང་རོང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་བཅུ་བཞིའི་བོད་ཀྱི་ལུག་ཤ་དང་།    ནས་ཀྱི་ཐོན་རྫས།    སན་ཝུན་ཉ།    སྦྲང་རྩིའི་ཐོན་རྫས།     དབྱར་རྩ་དགུན་འབུ། འབྲུ་སྣུམ་བཅས་རིགས་ཆེ་གྲས་དྲུག་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས20ཀྲུང་གོའི་ཞང་ཀང་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་ཚོགས་འདུའི་སྟེང་ཐོག་མར་འགྲེམ་སྟོན་བྱས་པས། ལྗང་མདོག་དང་སྐྱེ་ལྡན་ཐོན་རྫས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོའི་ཡིད་དབང་བཀུག

ཐེངས་འདིའི་འགྲེམ་སྟོན་འདུ་ཚོགས་ལ་ཞུགས་པ་ལས། མཚོ་ལྷོ་ཁུལ་གྱི་ཕྱིར་འཚོང་ཐོན་རྫས་སྣ་རྐྱང་ཡིན་པའི་བཀག་རྒྱ་དང་། ནོར་ལུག་གི་ཤ་དང་ནས། འབྲུ་སྣུམ། འོ་མའི་ཐོན་རྫས། སྦྲང་རྩའི་ཐོན་རྫས་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་ཐུབ་པ་མངོན་འགྱུར་བྱུང་མེད་པའི་དཀའ་གནད་སེལ་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཕྱིར་འཚོང་རྒྱུ་ལམ་ནུས་ལྡན་སྒོས་རྒྱ་བསྐྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན། མཚོ་ལྷོ་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་པོའི་ཁྲོམ་རར་བཀྲམ་པ་དང་།    ཞང་ཀང་དེ་བར་བརྒྱུད་ས་ཆ་ཡིན་པའི་ཆ་ནས་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རར་ཞུགས་པ་དང་།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ནང་ཁུལ་དང་ཕྱི་ཕྱོགས་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།    འཛད་སྤྱོད་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཕྱི་ནང་གི་ཉོ་ཚོང་ཐོན་ལས་ཕྲེང་འབྲེལ་དུ་སྣུར་སྲིང་ཐུབ་པར་རོགས་བྱེད་པ། ཁུལ་ཁོངས་ཕྱི་ནང་གི་ཚོང་ར་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆའི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པར་རམ་འདེགས་དང་། ཁུལ་ཡོངས་ཀྱི་ཕྱིར་གཏོང་རང་བཞིན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཤ་བོ་རིན་མཚོས་བསྒྱུར།