ཉེ་སྔོན། སློབ་གསོ་པུའུ་ཕྱིར་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་བརྗེ་རེས་བཞུགས་མོལ་ཚོགས་འདུ་དང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ། སློབ་གསོ་པུའུ་ཕྱིར་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་དམིགས་འབེན་ནི་མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་ཁུལ་གནས་དགེ་མཚན་དང་སློབ་གསོ་པུའུ་ཕྱིར་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་དེ་རྒྱལ་ཡོངས་རང་བཞིན་གྱི་ཕྱིར་འགྲིམ་སློབ་མའི་ཞབས་ཞུའི་ལས་ཁུངས་ཡིན་པའི་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ནང་འདྲེན་བྱེད་པ་དང་ཕྱིར་བསྐྱོད་པའི་བྱ་བ་བཟང་བོ་བསྒྲུབ་པར་གཅིག་འདོམས་བྱེད་པ། མཚོ་སྔོན་གྱི་ཕྱོགས་གཉིས་ཕྱིར་འགྲིམ་སློབ་མའི་ཞབས་ཞུ་བྱ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨེ་ཤ་ཡ་དབུས་རྒྱུད་རྒྱལ་ཁབ་ལ་ཁ་ཕྱོགས་པའི་རྒྱལ་སྤྱིའི་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་རྟེན་གཞི་དང་། འདུ་རུབ་རྟེན་གཞི་དང་གསར་གཏོད་ལས་སྐྲུན་སྟེགས་བུ་ཧུར་ཐག་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་སློབ་གསོའི་རྒྱལ་སྤྱིའི་ཤན་ཤུགས་དང་འགུག་ཤུགས་ཇེ་མཐོར་བཏང་སྟེ། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གསེར་གྱི་བགྲོད་ལམ་དང་རང་རྒྱལ་གྱི་ནུབ་ཕྱོགས་སྒོ་འབྱེད་ཀྱི་དུས་སྐབས་གཙོ་བོར་ཞབས་འདེགས་བཟང་བོ་ཞུ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུ་དེ་ཡིན།
རྒྱལ་ཁབ་སློབ་གསོ་པུའུ་ཕྱིར་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱིས་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་དང་མཚོ་སྔོན་ནས་སློབ་སྦྱོང་བྱེད་པའི་ཚོང་རྟགས་གསར་སྐྲུན་བྱེད་པ་དང་། ཁྲུན་ཧུའེ་རྟགས་མའི་ཕྱིར་འགྲིམ་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་རྩ་འཛུགས་དང་ཟབ་ཞུགས་བྱེད་པ། བདེ་འཇགས་ཕྱིར་འགྲིམ་གྱི་ཚོང་རྟགས་འཛུགས་སྐྲུན་བྱེད་པ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་སོང་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཕྱིར་འགྲིམ་སློབ་མའི་ཆ་འཕྲིན་འགུལ་རྣམ་བསྡུ་རུབ་དང་དབྱེ་ཞིབ་བྱེད་པ། སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་སོགས་ཕྱོགས་ལ་ཤུགས་འདོན་པ་དང་། མཉམ་ལས་རྣམ་གྲངས་ཅན་དུ་བསྒྱུར་ནས་ལག་བསྟར་བྱེད་པ་དང་གཏན་ཁེལ་ཅན་དུ་བསྒྱུར་ནས་ཞབས་འདེགས་ཞུ་བ། གསར་གཏོད་ཅན་དུ་བསྒྱུར་ནས་འཕེལ་རྒྱས་སུ་གཏོང་བ་བྱེད་ཐབས་སུ་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཐད་སྟོབས་ཤུགས་འབུལ་རྒྱུ་རེད།
གོ་རིམ་རྗེས་མར། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭས་དཀའ་ངལ་ཁྱད་སེལ་བྱེད་པར་མཛུབ་སྟོན་བྱེད་པ་དང་། གོ་སྐབས་དམ་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཕྱོགས་གཉིས་ཕྱིར་འགྲིམ་དང་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་རྒྱལ་སྤྱི་བརྗེ་རེས། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་སོགས་ཀྱི་ཕྱོགས་ལ་དམ་དུ་དམིགས་ནས། གོ་སྐབས་གསར་བ་སྐྱེད་སྲིང་དང་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་བྱ་བ་བརྟན་བརླིང་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།