མཚོ་སྔོན་ཞིང་ཆེན་གྱིས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཀོད་སྒྲིག་བྱས་ནས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་སྲུང་ཚད་ལོངས་པའི་སྒོ་ནས་སྟེར་བར་རྒྱབ་སྐྱོར་བྱས།
2024.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་ཀྱི་སྤྱི་ཚོགས་འགན་སྲུང་གི་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་པ་དང་། མ་དངུལ་གྱི་དམངས་ཚིས་འགན་སྲུང་དང་ཚད་མཐའ་དམ་སྲུང་གི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་ཆེད། ཉེ་ལམ། ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཀོད་སྒྲིག་བྱས་ནས། ས་ཆ་སོ་སོས་དུས་ཐོག་ཏུ་ཚད་ལོངས་བའི་སྒོ་ནས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སྲུང་དངུལ་སྟེར་ཐུབ་པར་ཤུགས་ཡོད་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན ཁ་གསབ་མ་དངུལ་དེ་གཙོ་བོར་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སྲུང་ཁྲོད་ཞུགས་པའི་མི་སྣའི་རྨང་གཞིའི་རྒན་གསོའི་དངུལ་དང་འདས་དོན་སྒྲུབ་དངུལ་སྟེར་བ་དང་། མི་སྒེར་གྱི་དངུལ་སྤྲོད་ཐད་ནས་རིམ་པ་བགོས་ནས་ཁ་གསབ་བྱེད་པ་དང་། དབང་བོ་སྐྱོན་ཅན་དང་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་སྣ། ཧ་ཅང་དབུལ་བོ་ཡིན་པའི་དཀའ་ཁག་མི་སྣ་སོགས་ཀྱི་ཚབ་ཏུ་རྒན་གསོ་ཉེན་སྲུང་དངུལ་སྤྲོད་པ་བཅས་ཀྱི་ཐད་བཀོལ་རྒྱུ་རེད། ཁ་གསབ་མ་དངུལ་སྟེར་བའི་ཐད་ནས། དཔལ་འབྱོར་བརྟན་འཇགས་དང་དམངས་ཚིས་འགན་སྲུང་གི་དམིགས་འབེན་གཙིགས་འཛིན་བྱས་པ་དང་། གྲོང་ཁྱེར་དང་རྫོང་། ས་ཁུལ་གྱི་རྒན་གསོའི་ཉེན་སྲུང་མ་དངུལ་གྱི་གཅིག་འདོམས་འགན་སྲུང་ནུས་པ་སྔར་ལས་ཇེ་མཐོར་བཏང་སྟེ། ལོ་ལོན་ཚོ་རྒས་ན་གཉོར་མཁན་ཡོད་པར་ཁག་ཐེག་བྱས།

ད་ལོར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་ཡར་ཞུ་བརྩོན་ལེན་བྱས་པ་དང་ཚད་ལོངས་པའི་སྒོ་ནས་ཞིང་ཆེན་རིམ་པའི་མ་དངུལ་བཀོད་སྒྲིག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ། བསྡོམས་པས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སྲུང་གི་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་བྱིན་པ་དང་། རྒན་གསོའི་ཉེན་སྲུང་ཁྲོད་ཞུགས་པའི་ལོ་ལོན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་ཞོར་དུ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་སྟེ། རྒན་གསོ་ཉེན་སྲུང་གིས་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་དང་རིན་ཐང་ལྡན་པར་བྱེད་པའི་དམིགས་འབེན་མཚོན་པར་བྱས། དེ་དང་མཉམ་དུ། རྒན་གསོ་ཉེན་སྲུང་མ་དངུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། མ་དངུལ་གྱི་རིན་སྲུང་རིན་འཕར་ཐད་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ད་དུང་འགོ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་སྲུང་གི་ཞིང་ཆེན་རིམ་པའི་དོ་དམ་བྱེད་ཐབས་པར་འགྲེམ་བྱས་པ་དང་། རྒྱུན་མཐུད་ངང་མ་དངུལ་མངག་བཅོལ་དངུལ་གཏོང་བྱས་ནས། མ་དངུལ་བདེ་འཇགས་དང་ཕན་ནུས་ལྡན་པ། རྒྱུན་མཐུད་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས།

གོ་རིམ་རྗེས་མར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་མཉམ་དུ་མ་དངུལ་བཀོད་གཏོང་ལ་ཤུགས་སྣོན་པ་དང་། མ་དངུལ་ལ་དོ་དམ་བཟང་བོ་བྱེད་པ། གཅིག་འདོམས་ས་ཁུལ་སོ་སོས་ནོར་སྲིད་ཁ་གསབ་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། མ་དངུལ་དུས་ཐོག་ཏུ་སྟེར་ཐུབ་པ་དང་དངུལ་སྤྲོད་ཁ་གསབ་ལག་ཏུ་འབྱོར་བ། རྒན་གསོ་ཉེན་སྲུང་དངུལ་སྟེར་ཐུབ་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།