ཞིང་ཆེན་ཞིབ་དཔྱོད་ཁང་གིས་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས།
2024.08.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ8པའི་ཚེས23ཉིན།  མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས།  ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་བྱས་པའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེ་དག་ནི་སོ་སོར་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཁི་ཆེ་གེ་མོ་སོགས་མི85དང་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སི་ག་གེ་མོའི་བར་གྱི་དམངས་དོན་རྩོད་གཞིའི་རྒྱབ་སྐྱོར་ཞུ་གཏུག་གྱོད་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་ལམ་ཟམ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་དང་ལིས་ཆེ་གེ་མོའི་འཛུགས་སྐྲུན་བཟོ་སྐྲུན་ཨར་ལས་གན་རྒྱའི་རྩོད་གཞིའི་དམངས་དོན་གཏུག་བཤེར་ལྟ་སྐུལ་གྱོད་གཞི། སྐྱེ་ཁམས་སྲུང་སྐྱོབ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་རྫོང་ག་གེ་མོའི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་སྲིད་འཛིན་གྲོས་མཐུན་ཁ་ཆད་དང་འགལ་བའི་སྐྱིན་ཚབ་འཇལ་བའི་ཞིབ་དཔྱོད་གྱོད་གཞི།  ཞོང་ཆེ་གེ་མོས་བསྐྱར་ཟློས་ཡིག་སྐུར་ངོ་གཏུག་གི་གྱོད་གཞི།  ཀྲོའུ་ཆེ་གེ་མོས་བཙོན་ཁང་ག་གེ་མོས་སྨན་བཅོས་དུས་ཚོད་འགོར་འགྱངས་བྱས་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་རྒྱལ་ཁབ་ཀྱི་སྐྱིན་ཚབ་ལྟ་སྐུལ་གྱོད་གཞི་བཅས་རེད།

གྱོད་དཔེ་དེ་དག་གི་ནང་དོན་ལ་དམངས་དོན་རྒྱབ་སྐྱོར་གཏུག་བཤེར་དང་། དམངས་དོན་འདུམ་སྒྲིག   སྲིད་འཛིན་རྩོད་གླེང་གི་ངོ་བོའི་རང་བཞིན་སེལ་བ། ཡིག་སྐུར་ངོ་གཏུག་བཅོས་སྐྱོང་བསྐྱར་ཟློས་དང་རྒྱལ་ཁབ་ཀྱིས་སྐྱིན་ཚབ་འཇལ་བ་ སོགས་རིགས་མང་པོ་ཞིག་འདུས་ཡོད།  ཞིབ་དཔྱོད་ལས་ཁུངས་ཀྱིས་“ཧྥེང་ཆའོ་རྣམ་པའི”ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱས་པ་བརྒྱུད།“སྤུས་ཚད་མཐོ་ལ་ཕན་ནུས་ལྡན་པའི་སྒོ་ནས་གྱོད་གཞི་རེ་རེ་ཡག་པོར་སྒྲུབ་པའི”རིན་ཐང་འདུ་ཤེས་ལག་བསྟར་བྱེད་པ་དང་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། སྲིད་འཛིན་ལྟ་སྐུལ་སྣུར་སྲིང་བྱེད་པ། ཕྱི་ནང་མཉམ་ལས་ཀྱི་ལམ་སྲོལ་ལ་ཤུགས་སྣོན་པ་བཅས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ།  འགལ་བ་དང་རྩོད་གཞི་དངོས་སུ་སེལ་བར་སྐུལ་འདེད་བཏང་བ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་ཞིབ་དཔྱོད་འགན་འཁྲི་སྒྲུབ་པའི་བྱེད་ཐབས་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས།  འགལ་བ་དང་རྩོད་གཞིའི་འབྱུང་ཁུངས་སྔོན་འགོག་བྱེད་པ། འགལ་བ་སྔོན་ལ་སེལ་བ་དང་གནད་འགག་ཚོད་འཛིན་བྱེད་པ། ཉེས་དོན་དང་དམངས་དོན། སྲིད་འཛིན་སོགས་ཀྱི་ཞིབ་དཔྱོད་འགན་ནུས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་འགལ་བ་དང་རྩོད་གཞི་སེལ་བའི་ཐབས་ལམ་ཇེ་ལེགས་སུ་བཏང་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།