ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཉེན་ཚབ་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་བསྐྱོད།
རྟོག་ཞིབ་ཚན་ཆུང་གིས་སྔ་རྗེས་སུ་སྤྱི་ཚོགས་ཉེན་ཚབ་ལས་གཉེར་ལས་ཁུངས་དང་། ཁེ་ལས། སློབ་གྲྭ། སྡེ་བ(སྡེ་ཁུལ)བཅས་སུ་བསྐྱོད་ནས་ཡུལ་དངོས་སུ་བཅར་འདྲི་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། རང་ཞིང་གི་སྤྱི་ཚོགས་ཉེན་ཚབ་ཀྱི་རྐྱེན་སྲོལ་སྣ་ཚོགས་འཁོར་སྐྱོད་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་རྗེས། སྤྱི་ཚོགས་ཉེན་ཚབ་དང་སྨན་བཅོས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རྟོགས་ངང་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་དང་། དམངས་འཐུས་ཚོགས་ཆེན་དང་འབྲེལ་གཏུག་སྙན་ཞུ་བྱེད་པར་ཤུགས་སྣོན་པའི་བྱ་བའི་རྐྱེན་སྲོལ་ལ་ཁས་ལེན་གང་ལེགས་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོའི་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བྱ་བའི་འགན་འཁྲི་གཙོ་བོ་སྔར་ལས་ཇེ་དམ་དུ་བཏང་ནས། ཞབས་ཞུའི་མི་གྲངས་ཀྱི་གཞི་ཁྱོན་དང་འཚམ་པའི་སྤྱི་ཚོགས་འགན་སྲུང་གཉེར་སྐྱོང་ཤེས་ལྡན་མི་སྣའི་དཔུང་ཁག་ཧུར་ཐག་གིས་བསྐྲུན་ནས། ཆ་འཕྲིན་དོ་དམ་མ་ལག་མུ་མཐུད་རིམ་སྤོར་བཅས་བྱས་ཏེ་ཞིང་སྡེ་དང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་གྲངས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་ཚབ་ནང་ཞུགས་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཁྱབ་རྒྱ་ཆེ་རུ་གཏོང་བའི་བསྡུ་ལེན་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་དམངས་ཡོངས་འགན་སྲུང་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་འགན་སྲུང་ནང་ཞུགས་པའི་འདུ་ཤེས་ཆེ་རུ་གཏོང་དགོས། འདེགས་སྐྱོར་དང་པོ་ཡིན་པའི་གཞི་རྩའི་རྒན་གསོའི་ཉེན་ཚབ་ཀྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། འདེགས་སྐྱོར་གཉིས་པ་དང་གསུམ་པའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། འདེགས་སྐྱོར་ཆེན་པོ་གསུམ་དོ་མཉམ་ངང་འཕེལ་རྒྱས་གཏོང་བ་དང་མཉམ་སྡེབ་ཀྱིས་སྟོབས་ཤུགས་བཏོན་ནས། རང་ཞིང་གི་སྤྱི་ཚོགས་ཉེན་ཚབ་ཐེབས་རྩ་རྒྱ་ཆེ་བ་དང་སྟོབས་ཆེ་རུ་གཏོང་དགོས། བློ་ཁོག་ཆེན་པོས་བཅོས་སྒྱུར་དང་གསར་གཏོད་བྱེད་ཕོད་པ་དང་། ཞིང་ཆེན་གཞན་པའི་སྤྱི་ཚོགས་འགན་སྲུང་གི་ཕན་ཡོད་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་མཐོང་ཆེན་བྱས་ཏེ། དམངས་ཡོངས་ལ་ཁྱབ་པ་དང་། མཁར་གྲོང་གཅིག་གྱུར་འཆར་འགོད་བྱེད་པ། དྲང་སྙོམས་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་པོའི་སྤྱི་ཚོགས་ཉེན་ཚབ་མ་ལག་འཛུགས་དགོས། སྤྱི་ཚོགས་ཉེན་ཚབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རང་ཞིང་གི་ཉེན་ཚབ་གྲོན་དངུལ་སྣ་ཚོགས་བསྡུ་ལེན་བྱེད་པ་དང་། སྤྱི་ཚོགས་ཉེན་ཚབ་ཀྱི་ཐེབས་རྩ་སོགས་ཁྱབ་ཁོངས་གཙོ་བོའི་ལམ་ལུགས་སྲིད་ཇུས་ཞིབ་འཇུག་གཏན་འབེབ་བྱ་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་བཟོ་བཅོས་བྱེད་པའི་འཕེལ་རིམ་ལ་དོ་སྣང་ནན་མོ་བྱས་ཏེ། དུས་ཐོག་ཏུ་རང་ཞིང་གི་ས་གནས་རང་བཞིན་གྱི་ཆ་ཚང་སྒྲིག་ཆས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིབ་འཇུག་དང་འདོན་སྤེལ་བྱས་ཏེ། ཕྱོགས་སོ་སོའི་ཁེ་དབང་དང་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་ལས་གསལ་བོ་བཟོ་དགོས།
ཤ་བོ་རིན་མཚོས་བསྒྱུར།