ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་འཆར་གཞི་གཞིར་བཟུང་སྟེ། ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་ཁྲིམས་འཛུགས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་སུ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མ་ལན་ཡུལ་ཚོའི་ཁྲིམས་འཛིན་སུའོ་དང་། ཆིན་ཧྲི་ཙའེ་ལྟེ་གནས་མངགས་གཏོང་ཁང་།“ལའོ་མ”འདུམ་སྒྲིག་ཁང་། ཉིན་ཀྲང་ལམ་སྡེ་ཁུལ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས། མི་དམངས་ཁྲིམས་ཁང་། མདོ་ལ་རྫོང་བཀོད་འདོམས་བཀོད་གཏོང་ལྟེ་གནས། སྲིད་དོན་ཞབས་ཞུའི་ཚོམས་ཆེན་བཅས་ལ་ལྟ་ཞིབ་བྱས་ཏེ་བཞུགས་མོལ་བརྗེ་རེས་བྱས་ནས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན།
རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་པར་ཁས་ལེན་གང་ལེགས་བྱས། ཁྲིམས་འཛུགས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་ཉམས་མྱོང་སྲ་བརྟན་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བརྒྱུད་དེ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ཕྱོགས་མང་པོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དེ་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པ་དང་། མི་དམངས་ཀྱི་རེ་བ་སྐོང་པ། མཚོ་བྱང་གི་ཁྱད་ཆོས་མངོན་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཀྱི་རྣམ་པ་ཞིག་གྲུབ་པར་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་བསྟན།
རྟོག་ཞིབ་ཚན་ཆུང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རང་སྐྱོང་དང་སྤྱོད་བཟང་། ཁྲིམས་སྐྱོང་། རིག་སྟོབས་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་གྲོང་ཚོའི་སྡོད་དམངས་ཀྱི་གཙོ་གཟུགས་ནུས་པ། རང་སྐྱོང་རྩ་འཛུགས་ཀྱི་བྱེད་ནུས། སྤྱི་ཚོགས་རྩ་འཛུགས་ཀྱི་ཟབ་ཞུགས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ཡོངས་བསྒྲགས་དང་དྲང་གཞག དྲང་བདེན། འཆམ་མཐུན། བརྟན་འཇགས་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་ལྟར་བཅོས་སྐྱོང་ལེགས་པོ་བྱེད་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་མཐོ་རིམ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་ཞིབ་འཇུག་དང་སློབ་སྦྱོང་ནན་ཏན་བྱས་ནས། ཐེངས་འདིའི་རྟོག་ཞིབ་ཁྲོད་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་ཡག་པོ་བྱས་ཏེ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་ཁྲིམས་ལྟར་ཞིབ་བཤེར་བྱས་ནས། ཁྲིམས་འཛུགས་ཀྱིས་ས་གནས་ཀྱི་དགོས་མཁོར་དམིགས་པ་དང་མང་ཚོགས་ཀྱི་རེ་འདུན་ལ་དོ་ཁུར་བྱེད་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
གཡང་འབུམ་རྒྱལ་གྱིས་བསྒྱུར།