སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ།
2024.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ8པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་བསྡུས་ནས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་ངོ་སྤྲོད་བྱས།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། 2023ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ40ལས་བརྒལ་བ་དང་། བསྡོམས་རྩིས་བྱས་ན་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས་དང་ སྒྱུར་བཀོད་བཀོད་སྒྲིག་སྡོད་ཁང་བྱེ་བ་དྲུག་དང་ས་ཡ་བཞི་ལྷག་བསྐྲུན་ཡོད་ཅིང་། དེས་མང་ཚོགས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལྷག་ལ་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཡོད་ལ། མ་མཐའི་འཚོ་བའི་འགན་སྲུང་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར་དུ། རྒྱལ་ཡོངས་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་གྲོང་ཁྱེར་ནང་གི་གྲོང་ཚོའི་སྒྱུར་བཀོད་བཀོད་སྒྲིག་སྡོད་ཁང་ས་ཡ་གཉིས་དང་འབུམ་གསུམ་ཁྲི་ལྔ་ལས་འགོ་བརྩམས་ནས་མ་དངུལ་གྲབས་གསོག་བྱས་ཟིན་པ་དང་། དེའི་ཐད་སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་བཞི་ལྷག་བཏང་ཡོད་ལ། དུས་མཚུངས་སུ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་ནས། 2023ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་དྲུག་དང་སྟོང་བཞི་ཟིན་པ་དང་། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་གཅིག་དྲུག་ཟིན་ལ། མི་དུང་ཕྱུར་དགུ་དང་བྱེ་བ་གསུམ་ལྷག་གིས་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་རོལ་བཞིན་ཡོད་ཟེར།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གོམ་སྟབས་རྗེས་མར་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ས་གནས་སོ་སོས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དེ་ འགྲིམ་འགྲུལ་སྟབས་བདེ་ཡིན་པ་དང་སྤྱི་པའི་སྒྲིག་ཆས་ཅུང་ཆ་ཚང་བའི་ས་ཁོངས་སུ་སྔོན་ལ་བཀོད་སྒྲིག་བྱ་རྒྱུར་མཛུབ་སྟོན་བྱས་ཏེ། ལས་གནས་དང་སྡོད་གནས་གཉིས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་མུ་མཐུད་སྒྱུར་བཀོད་དམ་འཛིན་ཡག་པོ་བྱས་ནས། གློག་སྐས་སྒྲིག་སྦྱོར་དང་རླངས་འཁོར་འཇོག་ས། གློག་གསོག་ས་སོགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། ད་ལོར་རྒྱལ་ཡོངས་སུ་སྡེ་ཁུལ་རྙིང་པ་ཁྲི་ལྔ་ཡན་བསྒྱུར་བཀོད་བྱེད་པའི་ལས་འགན་ཡོངས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད་་ཅིང་དུས་མཚུངས་སུ། ཚད་གཞི་ཡག་པོ་དང་ཇུས་འགོད་ཡག་པོ། རྒྱུ་ཆ་བཟང་པོ། བཟོ་སྐྲུན་ཡག་པོ། ཞབས་ཞུ་ཡག་པོ་སོགས་ཀྱི་ནང་སྙིང་ལ་དམ་པོར་དམིགས་ཏེ། ལྗང་མདོག་དང་ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ཀྱི“ཁང་པ་ཡག་པོ”མགྱོགས་མྱུར་ངང་བསྐྲུན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།