མཚོ་སྔོན་གྱིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་གནད་དོན་ཐེར་འདོན་བྱ་དགའི་བྱེད་ཐབས་བཏོན།
2024.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ8པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། “སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་བྱེད་པའི་བྱ་བར་སྔར་ལས་སྐུལ་སློང་དང་ཚད་ལྡན་དུ་བཏང་ནས། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་རྣམ་པ་དེ་སྔོན་འགོག་གི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཆེད།    ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ཐེར་འདོན་བྱ་དགའི་བྱེད་ཐབས》པར་འགྲེམས་ལག་བསྟར་བྱས་ཟེར།

ངོ་སྤྲོད་བྱས་པ་ལྟར་ན།    《བྱེད་ཐབས》དེའི་ནང་གཙོ་བོ་གཤམ་གསལ་གྱི་ནང་དོན་མངོན་ཡོད་དེ།    རིམ་པ་སོ་སོའི་སྲིད་གཞུང་དང་།    བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།    ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱི་བྱ་བའི་འགན་འཁྲི་གཏན་འབེབས་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར།    ཁུལ།    རྫོང་། ཆུའུ་བཅས་གཞུང་ཕྱོགས་འབྲེལ་མཐུད་དང་། སྡེ་ཁག་སོ་སོའི་འཕྲེད་ཕྱོགས་མཐུན་སྦྱོར་མཉམ་འགུལ་གྱི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་།     ཐེར་འདོན་གོང་ཞུ་ལག་བསྟར་དང་རྩིས་སྤྲོད་ལས་སྒྲུབ།    ཞིབ་བཤེར་ཐག་གཅོད།    བྱ་དགའ་སྟེར་བ།    གྲུབ་འབྲས་བཤད་པ་སོགས་ཕྲེང་འབྲེལ་ཡོངས་ཀྱི་བྱ་བའི་བརྒྱུད་རིམ་གཏན་འབེབས་བྱས།     ཐེར་འདོན་དོན་ཚན་རྩད་ཞིབ་བྱས་ཚེ་ངེས་པར་དུ་བྱ་དགའ་སྟེར་བའི་གཏན་འབེབས་བྱས་ཏེ་ཐེར་འདོན་དོན་ཚན་རྩད་ཞིབ་བྱས་འབྲས་ལ་བྱ་དགའ་སྟེར་བའི་རྣམ་འགྱུར་དང་རྩ་བའི་རྩ་དོན་ཐོག་ནས་འགྱུར་ལྡོག་གཏོང་དགོས།     ཐེར་འདོན་བྱ་དགའི་མ་དངུལ་དེ་རིམ་པ་སོ་སོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་སྒོས་རེ་ཞུ་དང་།    གཅིག་གྱུར་དོ་དམ།    གཅིག་གྱུར་གྱིས་སྟེར་དགོས་པའི་གཏན་འབེབས་བྱས།     ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཁེ་ལས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་དང་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ནང་ཁུལ་གྱི་སྙན་ཞུའི་བྱ་དགའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་དགོས་པའི་གཏན་འབེབས་བྱས།

གཞན་ཡང་།《བྱེད་ཐབས》དེའི་ནང་བདེ་འཇགས་ཐོན་སྐྱེད་ཐེར་འདོན་བྱ་དགའི་ཚད་གཞིར་རིགས་དབྱེ་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད་བྱ་དགའི་དངུལ་གྲངས་མཐོ་བ་སྒོར་འབུམ་གསུམ་གཏན་འཁེལ་བྱས་ཡོད།     བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་དོན་དངོས་ཡིན་པ་མ་ཟད་ཐེར་འདོན་བྱ་ཡུལ་ལ་སྲིད་འཛིན་ཆད་པ་གཅོད་དགོས།    སྤྱིར་བཏང་གི་ལས་འཛོལ་མངོན་མེད་རྐྱེན་ངན་ལ་སྲིད་འཛིན་ཆད་པ་གཅོད་པའི་དངུལ་གྲངས་ཀྱི12%ལྟར་བྱ་དགའ་སྟེར་དགོས་པ་དང་།    ཆེས་མཐོ་བ་སྒོར6000ལས་བརྒལ་མི་རུང་།    ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་སྲིད་འཛིན་ཆད་གཅོད་དངུལ་གྲངས་ཀྱི་15%ལྟར་བྱ་དགའ་སྟེར་དགོས་པ་དང་། ཆེས་མཐོ་བ་སྒོར་འབུམ་གསུམ་ལས་བརྒལ་མི་ཆོག བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཆད་གཅོད་དངུལ་གྲངས་ཀྱི12%ལྟར་བྱ་དགའ་སྟེར་དགོས་པ་དང་། ཆེས་མཐོ་བ་སྒོར་འབུམ་གསུམ་ལས་བརྒལ་མི་ཆོག བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་ཐེར་འདོན་བྱ་ཡུལ་ལ་སྲིད་འཛིན་གྱི་ཆད་པ་མ་བཅད་ན།    སྤྱིར་བཏང་གི་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ལ་སྒོར་100ནས200བར་གྱི་བྱ་དགའ་སྟེར་དགོས།    བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྒོར500ནས2000བར་གྱི་བྱ་དགའ་སྟེར་དགོས།     ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐེར་འདོན་གོང་ཞུ་སྦ་གསང་དང་རྫུན་ཞུ་བྱེད་པའི་རིགས་ལ་ལས་འཛོལ་གྱི་རིམ་པ་དང་ཐེར་འདོན་གོང་ཞུ་བྱས་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྦ་གསང་དང་རྫུན་ཞུ་བྱས་པའི་རིགས་ལ་གཞིགས་ནས་བྱ་དགའ་སྟེར་དགོས་པ་དང་།    ཆེས་དམའ་བ་སྒོར་ཁྲི3དང་ཆེས་མཐོ་བ་སྒོར་འབུམ་གསུམ་ལས་བརྒལ་མི་ཆོག     མི་ཤི་བའི་སྤྱིར་བཏང་གི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་བྱུང་མེད་ན།    སྲིད་འཛིན་ཆད་གཅོད་དངུལ་གྲངས་ཀྱི་བརྒྱ་ཆའི་གཅིག་ལྟར་བྱ་དགའ་སྟེར་དགོས།

《བྱེད་ཐབས》དེའི་ནང་ད་དུང་ཐེར་འདོན་ཐབས་ལམ་དང་།    ཐེར་འདོན་བྱེད་སྟངས།    བདག་སྤྲོད་མི་བྱེད་པའི་གནས་ཚུལ5དང་།    ཞིབ་དཔྱད་གཙོ་བོ།    ཞིབ་དཔྱད་བྱེད་སྟངས།    བྱ་དགའ་མི་སྟེར་བའི་གནས་ཚུལ8དང་བྱ་དགའ་ལེན་སྟངས་སོགས་ཀྱི་ནང་དོན་སོགས་གཏན་འབེབས་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།