ད་ལོའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཁོ་འཚོང་མཉམ་ལས་ཁང་གིས་མཁོ་འཛོང་འཁོར་རྒྱུག་ཞབས་ཞུའི་རྩོལ་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རིགས་མི་འདྲ་བའི་དྲིལ་སྒྲོག་བྱ་འགུལ་སྣ་ཚོགས་སྤེལ་བ་མ་ཟད་རང་འགུལ་གྱིས་དེའི་ཁྲོད་ཞུགས་ནས། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལམ་བུ་སྔར་ལས་རྒྱ་སྐྱེད་པ་དང་། ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་ངོ་སྤྲོད་དང་འགྲེམ་འཚོང་བྱེད་པའི་བྱ་འགུལ་སྤེལ་བས། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར་དུ། མཚོ་བྱང་མཁོ་འཚོང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་དང་སྟོང་བརྒྱད་ལ་སླེབས།
ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཚུན་དུ། མཚོ་བྱང་ཁུལ་གྱིས་མཚོ་སྔོན་དང་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་དང་མིན་ཡོན་རྫོང་གི་རྒྱ་ལམ་མཁོ་འཚོང་གི་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ངོ་སྤྲོད་བྱ་འགུལ་སྐབས་བཞི་པ་བསྡུས་པ་དང་། ཁེ་ལས་ང་གཅིག་དང་ཁྱད་ལྡན་ཐོན་རྫས་བརྒྱད་བརྒྱ་ལྷག་འགྲེམ་འཚོང་ལ་ཞུགས། རབ་མཛེས་མཚོ་སྔོན་དང་མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་མགྲོན་ར་གཙོ་བོར་སོང་ནས་དྲིལ་སྒྲོག་ངོ་སྤྲོད་དང་འགྲེམ་འཚོང་བྱས། འགྲན་བསྡུར་ཐེངས་བདུན་གྱི་སྐབས་སུ་བསྡོམས་པས་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་ལ་སླེབས། དེ་དང་མཉམ་དུ། ཡུས་ཧྲུའུ་ཁུལ་མཁོ་འཚོང་ཁང་བར་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་མཉམ་ལས་གྲོས་མཐུན་བཀོད། མཚོ་བྱང་གི་དམར་པོའི་གནས་སྐོར་ཐོན་ཁུངས་ལ་རྒྱབ་རྟེན་ནས། མཚོ་སྔོན་རྡུལ་ཕྲན་མཁར་གྲོང་རྗེས་དྲན་ཁང་དང་མདེལ་གཉིས་སྐར་གཅིག་ཕུགས་འདུན་ཡིད་རྟོན་སློབ་གསོ་སློབ་གླིང་སོགས་དམར་པོའི་གནས་སྐོར་ལྗོངས་རྒྱུ་ཁུལ་དུ་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ཆེད་སྒྲོམ་བཙུགས།
རིན་ཆེན་མཚོས་བསྒྱུར།