ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཟོ་འཕྲིན་ཅུའུ་ཡིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། སྟོབས་ཤུགས་ཡོད་རྒུས་ཚོང་འགུག་ལ་ཤུགས་སྣོན་པ་དང་ཕྱིར་འཚོང་བརྟན་འཇགས་སུ་བཏང་། ཟླ8པའི་ཚེས15ཉིན་བར་དུ། ཁེ་ལས་ལྔ་བར་ལས་གཞི་ལྔའི་གྲོས་མཐུན་བཀོད་པ་དང་། གྲོས་བཀོད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་སླེབས་ཤིང་། ལས་གཞི་དེ་ནུས་ཁུངས་གསར་བ་དང་རིག་གནས་གནས་སྐོར། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་ལ། ཐུན་རིན་གྲོང་ཁྱེར་གྱི་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་བསྣན།
ཐུན་རིན་གྲོང་ཁྱེར་གྱིས་མྱུར་དུ་ཞན་ཆ་ཁ་གསབ་བྱས་པ་དང་བཟང་ཆ་གསར་སྐྲུན་བྱས་ལ། ཕྲེང་འབྲེལ་གཙོ་བོས་སྣེ་ཁྲིད་བྱེད་པ་དང་ཕྲེང་འབྲེལ་ཧྲིལ་བོ་སྦྲེལ་མཐུད་བྱས་པའི་ཐོན་ལས་སྐྱེ་ཁམས་གསར་སྐྲུན་བྱས། རང་ས་ཆའི་ཐོན་ལས་གནས་བབ་དང་མཐུན་པ་དང་ཐོན་ཁུངས་ཀྱི་དགེ་མཚན་མངོན་པའི2024ལོའི་ཐུན་རིན་གྲོང་ཁྱེར་གྱི་ཚོང་འགུག་ཐོན་ལས་ཕྲེང་འབྲེལ་གྱི་སྟར་རིས་བྲིས་ནས། ཚོང་འགུག་གི་གནད་ཕིགས་ཚད་སྔར་ལས་ཇེ་མཐོར་བཏང་བ་དང་། ཐོན་ལས་གཅིག་དང་སྟར་རིས་གཅིག སྣེ་ཁྲིད་གཅིག་གི་ཚོང་འགུག་རྣམ་པ་གསར་བ་གྲུབ་པར་བྱས། ཚོང་འགུག་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཞིབ་མོ་གཏན་འབེབས་བྱས་པ་དང་། ཁྲལ་འབབ་ཆག་ཡང་དང་ས་ཞིང་མཁོ་འདོན། དངུལ་རྩའི་རྒྱབ་སྐྱོར་སོགས་ཕྱོགས་སུ་ཁྱབ་ལ། ཁེ་ལས་ལ་འགུག་ཤུགས་ཆེན་པོ་ལྡན་པའི་དངུལ་གཏོང་ཁོར་ཡུག་འདོན་སྤྲོད་བྱས།
ཐུན་རིན་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཚོང་འགུག་ལས་གཞི་འགན་ལེན་དམ་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་བོའི་རྗེས་འདེད་སྐུལ་སྤེལ་ལ་ཤུགས་བསྣན་ནས། རིགས་མི་འདྲ་བའི་ཚོང་འགུག་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། མིག་སྔར། གསར་དུ་གྲོས་མཐུན་བཀོད་པའི་ལས་གཞི་སྟེ་དྲ་སྣེའི་རེབ་གོང་སོགས་མཐོ་རིམ་དམངས་ཁྲོད་མགྲོན་ཁང་ལས་གཞི་ཟླ7པའི་སྔོན་དུ་འཁོར་རྒྱུག་ཚོང་གཉེར་བྱས་པ་དང་། ལོ་ནང་དུ་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་དགུ་ཡན་ལ་བསླེབ་པར་བྱེད་པ་དང་། ཚོང་འགུག་བསྟུད་འཛུགས་ལས་གཞིའི་ཁྱོན་བསྡོམས་ཀྱི་དམིགས་འབྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལ་བསླེབ་པར་བྱེད་རྒྱུ་རེད།
ཚོང་འགུག་དངུལ་འདྲེན་གྱི་གནད་ཕིགས་ཚད་དང་ཡོངས་འགྲུབ་ཚད་ཇེ་མཐོར་གཏོང་ཆེད། ཐུན་རིན་གྲོང་ཁྱེར་གྱིས་ཚོང་འགུག་རུ་ཁག་རྩ་འཛུགས་བྱས་ནས་ཐེན་ཅིན་དང་ཧུའུ་ནན་སོགས་ས་ཆར་སོང་ནས་ཚོང་འགུག་བྱ་འགུལ་སྤེལ། རིགས་མི་འདྲ་བའི་འགྲེམ་ཚོགས་སྣ་ཚོགས་དང་དངུལ་གཏོང་ངོ་སྤྲོད་ཚོགས་འདུ་བསྡུས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་ས་ཁུལ་གྱི་དགེ་མཚན་ཐོན་ཁུངས་དང་ཐོན་ལས་རྨང་གཞི། འཕེལ་རྒྱས་ཀྱི་སྦས་ཤུགས་རྒྱ་ཆེར་དྲིལ་སྒྲོག་བྱས། དེ་ལས་གཞན། སྨྱན་བྱད་གསར་བ་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ། ཚོང་འགུག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། སྤུས་ལེགས་ལས་གཞི་སྔར་ལས་མང་པོ་ཐུན་རིན་དུ་གཞིས་ཆགས་པར་ནང་འགུག་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།