ཟླ8པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་རྒྱལ་ཁོངས་བར་སྟོང་འཆར་འགོད་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབས་པ་དང་། ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། མིག་སྔའི་བར་དུ། ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་གསེབ་བཅས་རིམ་པ་བཞིའི་སྤྱིའི་འཆར་འགོད་དང་འཆར་འགོད་ཞིབ་མོ། ཆེད་དོན་འཆར་འགོད་བཅས་རིགས་སྣ་གསུམ་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་ཧ་ལམ་ཡོངས་འགྲུབ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། རང་བྱུང་ཐོན་ཁངས་པུའུ་ཡིས2022ལོའི་ཟླ9པར་མཚོ་སྔོན་གྱི་ཁུལ་གསུམ་གནས་གསུམ་དབྱེ་འབྱེད་གྲུབ་འབྲས་དངོས་སུ་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་སྐོར་ཐེངས་དང་པོར་ལག་བསྟར་བྱས་པའི་ཞིང་ཆེན་དྲུག་གྲས་ཀྱི་གཅིག་རེད། 2023ལོའི་ཟླ12པར། མཚོ་སྔོན་ཞིང་ཆེན་གྱི2021ལོ་ནས2035ལོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་བཀོད་པ་དང་། རྒྱལ་ཡོངས་ཀྱི་ཆོག་མཆན་ཐོབ་པའི་ཞིང་ཆེན་བཅུ་བདུན་པ་ཡིན་ལ། མཚོ་སྔོན་གྱི་རྒྱལ་ཁོངས་བར་སྟོང་སྲུང་སྐྱོབ་དང་གསར་སྤེལ། བེད་སྤྱོད། ཉམས་གསོ་བྱེད་པའི་སྲིད་ཇུས་དང་སྤྱིའི་རྩ་འཛིན་ཡིན་པའི་ཆ་ནས། སྲོལ་མང་གཅིག་བསྡུས་ཀྱི་བཅོས་སྒྱུར་རྗེས་སུ་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འཐོད་ཐོག་མ་ཡིན།
གྲོང་ཁྱེར་དང་ཁུལ་དང་། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་ཞིབ་བཤེར་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས། མིག་སྔའི་བར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་དགོས་པའི་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་བརྒྱུད་རིམ་ལྟར་བཟོ་བཅོས་དང་འཐུས་ཚང་དུ་བཏང་བར་མ་ཟད་ཡར་ཞུ་བྱས་ནས་ཆོག་མཆན་འགོད་རྒྱུར་སྒུག་ཡོད་ལ། དེའི་ཁོངས་གཏོགས་རྟ་ཐང་རྫོང་དང་སྟོང་སྐོར་རྫོང་གིས་མཆན་འགོད་སྔོན་གྱི་ཞིབ་བཤེར་ཡོངས་འགྲུབ་བྱས་པ་དང་། དེ་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་བདུན་དང་རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སོ་བརྒྱད་ལ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ།
གྲོང་གསེབ་ཀྱི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་དང་སྡེ་བའི་འཆར་འགོད་སྒྲིག་བཟོ་ཕྱོགས་སྟོན་དང་ཞིབ་བཤེར་གྱི་གཙོ་གནད་གཏན་འབེབས་དང་པར་འགྲེམ་བྱས་པ་དང་། ས་ཆ་སོ་སོས་རིམ་བགོས་རིགས་དབྱེ་བྱེད་པ་དང་ས་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གསར་སྤེལ་མཐའ་མཚམས་ནང་གི་འཆར་འགོད་ཞིབ་མོ་དང་སྲོལ་མང་གཅིག་བསྡུས་ཀྱི་དངོས་བཀོལ་རང་བཞིན་གྱི་སྡེ་བའི་འཆར་འགོད་སྒྲིག་བཟོ་བྱེད་པར་མཛུབ་སྟོན་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་སོ་སོས་གྲོང་གསེབ་ང་ལྔའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སྒྲིག་བྱས་ཚར། སྲིད་འཛིན་སྡེ་བ་སྟོང་གཅིག་དང་ཉིས་བརྒྱས་སྡེ་བའི་འཆར་འགོད་སྒྲིག་བཟོ་བྱས་པ་དང་། དེས་འཆར་འགོད་སྒྲིག་བཟོ་བྱེད་འོས་པའི་སྲིད་འཛིན་སྡེ་བའི་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན།
མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་བར་སྟོང་ཆེད་དོན་འཆར་འགོད་སྒྲིག་བཟོ་དོ་དམ་གྱི་ཚོད་ལྟའི་བྱེད་ཐབས་པར་འགྲེམ་བྱས་པ་དང་། རྒྱལ་ཁོངས་བར་སྟོང་གི་ཆེད་དོན་འཆར་འགོད་གཅིག་འདོམས་དོ་དམ་ཐད་རྒྱུན་མ་ཆད་པར་ཤུགས་བསྣན། དེ་དང་མཉམ་དུ། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཁྲོད་འདྲེས་པར་བྱེད་པ་དང་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རྩོལ་ནུས་ཁུལ་དབྱེ་འབྱེད་དང་བར་སྟོང་བཀག་སྡོམ་ཆེད་དོན་འཆར་འགོད་སོགས་རིགས་མི་འདྲ་བའི་ཆེད་དོན་འཆར་འགོད་སྒྲིག་བཟོ་ཡོངས་འགྲུབ་བྱས་ནས། རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོ་བཀག་སྡོམ་གཅིག་གྱུར་དང་ཚན་རིག་ལྟར་ཁུལ་ཁོངས་བརྒལ་དང་བཞུར་རྒྱུད་བརྒལ་བའི་རྩོལ་ནུས་ཁུལ་དབྱེ་འབྱེད་བྱེད་པའི་ཐད་རྨང་གཞི་བཏིངས།
རིན་ཆེན་མཚོས་བསྒྱུར།